R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༡༦
[A:༦༡༦]དཔྱད་དཀར་ནག་གི་ལུང༌། ཚེ་མཚམས་བསོད་ནམས་བཟང་པོས་ཞུས་ངོར་སློབ་བཤད་ལུང་ཕལ་ཆེར་བཅས་སྩལ། དགུང་གྲངས་སོ་དགུ་པ་མེ་ཡོས་ལོའི་དཔྱིད་ཀར་ཁང་སར་མཁན་རིན་པོ་ཆེ་ཁམས་ཕྱོགས་སུ་ཕེབ་ཀར་ཞུས་པས་དམར་པོ་སྐོར་གསུམ་དང༌། རྣམ་འཇོམས་རྗེས་གནང༌། ཚེ་དབང་མདའ་འཕེལ་མ། གྲུབ་རྒྱལ་མ། ཚེ་རྟ་ཟུང་འབྲེལ་བཅས་སྩལ། དེའི་སྟོན་ཀར་རི་ཟུར་དང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེ་སྐབས་ཀྱི་མཁན་རིན་པོ་ཆེ་ཁྲི་ཐོག་པ་སོགས་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་བཀའ་ཁྲིད་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། གཞན་ཡང་བཤེད་དམར་སྤྲོས་མེད། དྲིལ་བུ་རིམ་ལྔའི་ཁྲིད་སོགས་གནང༌། རི་ཟུར་བླ་མ་རིན་པོ་ཆེ་ལས་རྡོ་རྗེ་རྩེ་མོའི་བཀའ་དབང་དང༌། རྡོ་རྗེ་རབ་བརྟན་མ་དང༌། མགོན་པོ་བེང་དམར་གྱི་རྗེས་གནང༌། བུ་སྟོན་བཀའ་འབུམ་ཕལ་ཆེར་གྱི་ལུང་སོགས་བཀའ་ཆོས་མང་དུ་གསན། ས་འབྲུག་ལོའི་མགོར་རྒྱ་ར་སྤྲུལ་སྐུ་རིན་པོ་ཆེ་ཕེབ་པ་ལ་མགོན་པོ་བྲག་རྫོང་མའི་ཁྲིད་དང༌། ཡང་དེའི་སྟོན་ཕན་ཁང་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་སྐུ་འཁོར་ཉུང་བསྡུས་ཤིག་ལ་སློབ་བཤད་ཚར་གཅིག་བཅས་སྩལ། ས་སྦྲུལ་ལོའི་དབྱར་ཆབ་མདོ་འཕགས་པ་ལྷ་ཆེད་དུ་ཕེབ་སྟེ་གསོལ་བ་བཏབ་པར་གུར་ཞལ་སྐོར་གྱི་རྗེས་གནང་ཡོངས་རྫོགས་དང༌། མགོན་པོ་བྲག་རྫོང་མའི་ཁྲིད་སོགས་མང་དུ་གནང༌། དེའི་སྟོན་སོག་པོ་བླ་མ་ཕེབ་པ་ལ་བདེ་མཆོག་པདྨ་དྲྭ་བ་དང༌། འཇིགས་བྱེད་ས་ལུགས། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་ཐོད་པ། བདེ་མཆོག་སྡོམ་འབྱུང་སོགས་བཀའ་དབང་འགའ་ཞིག་སྩལ། རྗེ་དེ་ཉིད་ཀྱི་དྲུང་ནས་ཐོ་ཡོན་རིན་པོ་ཆེས་བསྒྲིགས་པའི་དབང་བརྒྱ་དང༌། རྗེ་དེ་ཉིད་ཀྱིས་བསྒྲིགས་པའི་རྗེས་