[A:༦༡༧]གནང་བརྒྱ་རྩ་བཅས་དང༌། རྗེ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་ཁ་ཤས་བཅས་གསན། དེའི་རྗེས་ལྕགས་རྟ་ལོའི་དཔྱིད་ཀར་རྫོགས་ཆེན་དགེ་མང་གི་སྤྲུལ་སྐུ་ལ་དགེ་བསྙེན་གྱི་སྡོམ་པ་དང༌། དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་བཅས་སྩལ་ཏེ། མདོར་ན་གོང་དུ་སྨོས་པ་དེ་རྣམས་རང་གིས་ཅུང་ཟད་མཐོང་ཐོས་སུ་གྱུར་པ་རྣམས་ཆེ་ལོང་ཙམ་སྨོས་པར་ཟད་ཀྱི། འདིར་མ་འདུས་པའི་སློབ་མ་སོ་སོར་བཀའ་ཆོས་སྩལ་བ་ནི་དཔག་ཏུ་མེད་པ་ཞིག་ཡོད་པར་ཤེས་པར་བྱའོ། །དེ་ལྟར་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་ཞིག་བསྐོར་བའི་སྒོ་ནས་གདུལ་བྱ་རྒྱུད་མ་སྨིན་པ་དག་ནི་སྒོ་གསུམ་དགེ་བའི་བྱ་བ་ལ་ལས་སུ་རུང་བས་འབྲས་བུ་བླ་ན་མེད་པ་མྱུར་དུ་ཐོབ་རུང་དུ་ཡོངས་སུ་སྨིན། སྨིན་པ་རྣམས་ནི་རྣམ་པར་གྲོལ་བས་ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བསྒྲལ། འཁོར་བ་དང་ངན་སོང་གི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་ནི་དུས་གཅིག་ཏུ་དབྱེ་བར་མཛད། ལོག་སྲེད་ཅན་དུས་རིང་མོ་ཞིག་ཏུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་གྱུར་པ་དག་ལའང་རྣམ་པར་དཀར་བའི་བག་ཆགས་རྒྱུད་ལ་བཞག་པས་མཐར་ཐུག་བྱང་ཆུབ་མཆོག་ཏུ་ངེས་པར་མཛད་པ་ཡིན་ནོ། །གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའང་སྔ་མ་ས་ལུག་ལོར་རྗེ་རང་ཉིད་ཀྱིས་བཀའ་ཆོས་གསན་ཡུལ་བླ་མ་རྣམས་ཀྱི་འདྲ་སྐུ་སྨན་འདམ་ལས་གྲུབ་པ་ཁྲུ་རེ་ཙམ་བཞེངས་ཤིང༌། གཞན་ཡང་སྔ་ཕྱི་ངེས་མེད་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། ཁྱབ་བདག་བཀའ་འགྱུར་བ་རྣམ་གཉིས་ཀྱི་འདྲ་སྐུ་གསེར་ཟངས་ལས་གྲུབ་པ་ཁྲུ་རེ་ཙམ་བཞེངས་པ་དང༌། མི་འཁྲུགས་པ་ལྷ་བཅུ་གསུམ་མ་དང༌། མི་གཡོ་བ་བླ་མེད་དང༌། དཔལ་མཆོག་སོགས་ཀྱི་དཀྱིལ་ཐང་མང་དུ་གསར་བཞེངས་