[A:༦༡༨]མཛད་པ་དང༌། གསུང་རྟེན་སྐོར་ལ་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཀྱི་སྐོར་དང༌། ཐར་པཎ་གྱིས་མཛད་པའི་སྒྲུབ་ཐབས་རྒྱ་མཚོའི་མངོན་རྟོགས་དང་རྗེས་གནང༌། བདེ་མཆོག་བོང་ཞལ་ཅན་གྱི་སྒྲུབ་ཐབས་དང་དཀྱིལ་ཆོག །རྗེ་ཉིད་ཀྱིས་གསར་དུ་བསྒྲིགས་པའི་ཀུན་རིག་གི་བསྙེན་རྒྱས་ནག་འགྲོས་དང༌། ཀུན་རིག་གི་བུམ་བཟླས་སོགས་ཟུར་བཀོལ་དང༌། ཀྱེ་རྡོར་སྒྲུབ་བསྙེན་ཁ་གསོ་བྱ་ཚུལ་བཅས་ཀྱི་ཕྱི་མོ་གསར་བརྐོས་མཛད་པ་རྣམས་ལ་ཊྃ་སྟོང་ཕྲག་བརྒལ་བར་སོང་བ་དང༌། ཐར་པཎ་གྱིས་མཛད་པའི་རྡོ་རྗེ་ཕྲེང་བའི་དབང་ཆོག་གི་སྤར་གསར་བརྐོས་མཛད་པར་བོད་དངུལ་རྡོ་ཚད་གསུམ་ཙམ་སོང་བ་དང༌། བུ་སྟོན་བཀའ་འབུམ་ཕལ་ཆེར་གསར་བྲིས་དང༌། འབྲུག་པ་པད་དཀར་བཀའ་འབུམ་གསར་དུ་སྤར་བ་སོགས། མདོར་ན་གསར་བཞེངས་དང༌། བསླུ་ཡོན་ཕུལ་བ་བཅས་བསྡོམས་པས་པུསྟི་བཞི་བརྒྱ་སྐོར་དང༌། ཁམས་ཕྱོགས་སུ་སྤར་གསར་བརྐོ་མཛད་རྒྱུའི་རྟེན་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ལྗགས་བསྒྲིགས་གསེར་པོད་པུསྟི་བརྒྱད་ལ་རྡོ་ཚད་གསུམ་དང༌། རྗེ་ཉིད་ཀྱིས་མཛད་པའི་མཁན་ཆེན་རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཁུ་དབོན་གསུམ་གྱི་རྣམ་ཐར་ལ་རྡོ་ཚད་གསུམ་དང༌། ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་གྱི་སྤར་རྙིང་ཅུང་ཟད་དག་མིན་སྐོར་ལ་གསར་འཛུགས་བྱེད་རྒྱུའི་རྟེན་དུ་རྡོ་ཚད་གཅིག་བཅས་བསྐུར་གནང་མཛད་པ་སོགས་གསུང་རྟེན་ཤིན་ཏུ་མང་བ་དང༌། མཁན་བདེ་བར་གཤེགས་པ་རྣམས་གཉིས་ཀྱི་སྐུ་གདུང་མཆོད་རྟེན་དང༌། ཁང་བུ་བརྩེགས་པ་སོགས་ཐུགས་རྟེན་རྣམས་དང༌། གཞན་ཡང་ངོར་རང་དུ་བསྙེན་རྒྱས་ཉིན་གཅིག་རྟེན་ཊྃ་སྲང་བརྒྱ་ཐམ་པ་དང༌། ལྗོན་འདབ་བརྒྱད་པ་སྤུས་ལྡན་འཁོར་ཉི་ཤུ། ཨེ་ཝྃ་བྲེ་ཚད་ཀྱི་འབྲུ་ཁལ་ལྔ་བརྒྱ་དང་ལྔ་བཅུ་ཐམ་པ་བཅས་ཐར་རྩེ་ནས་སྦྱོར་འཇགས་མཛད་པ་དང༌།