[A:༦༡༩] ཤངས་རྒྱ་མཚོ། སྣར་ཐང༌། རྒྱལ་རྩེ་གུར་པ་གྲྭ་ཚང༌། ཞྭ་ལུ་སོགས་ལ་ཀུན་རིག་དང༌། མི་འཁྲུགས་པ། སྨན་བླ། གནས་བརྟན་ཆོ་ག །རྣམ་སྲས་མདོས་ཆེན་སོགས་ཆོ་གའི་རིགས་ཤིན་ཏུ་མང་བར་གསར་དུ་བཙུགས་པ་སོགས་མཛད་པ་མཐའ་ཡས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐའ་ཐམས་ཅད་བཅོ་ལྔའི་ཟླ་འོད་ཀྱིས་ཡོངས་སུ་བསྒོས་པ་བཞིན་འཇིག་རྟེན་གྱི་ཁམས་སུ་མངོན་པར་གསལ་བར་མཛད་པ་དང༌། དེ་ལ་བརྟེན་ནས་སྐྱེ་རྒུ་མ་ལུས་པ་བདེ་ལེགས་ཀྱི་དཔལ་ལ་རང་དབང་དུ་སྤྱོད་པས། ཇི་ལྟར་སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་རྣམ་པར་དག་པ་དང༌། དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པ་སོགས་ཟག་པ་མེད་པའི་ལས་ལས་བྱུང་བའི་ཞིང་ཁམས་བདེ་བ་ཅན་དང་མངོན་པར་དགའ་བ་སོགས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་ལའང་འགྲན་པར་བཟོད་པའི་ཕུན་སུམ་ཚོགས་པ་ཇི་སྙེད་པ་ལ་བཀོད་པར་མཛད་དོ། །ཁྱེད་ཀྱི་ལེགས་མཛད་རྡོ་རྗེའི་ཐོག་གིས་ནི། །མི་མཐུན་ས་འཛིན་རྩེ་མོ་བསྙིལ་བ་ལས། །ཐུབ་བསྟན་པདྨོའི་གཉེན་གཅིག་འཇིག་རྟེན་ན། །མངོན་པར་གསལ་བའི་དགེ་མཚན་འབྱམས་སུ་ཀླས། །ཕ་མཐའ་མི་མངོན་སྲིད་པའི་དགའ་ཚལ་དུ། །ཐ་དད་མོས་པའི་པདྨོ་ཁ་འབུས་པར། །འགྲོ་འདིས་ལེགས་བྱས་དང་འཚམས་ཐུགས་རྗེ་ཡི། །འོད་ཟེར་སྟོང་གི་ཐུར་མས་འབྱེད་ལ་ཞུགས། །གང་གི་ལེགས་གསུང་སེང་གེའི་སྒྲ་ཡིས་ནི། །སྲིད་པའི་རྒྱ་མཚོ་མ་ལུས་འདར་ལྡན་པ། །དེ་ཚེ་འཇིགས་པ་བཞིན་དུ་གཏི་མུག་ལས། །ལྡང་བར་མ་ཐོབ་ཡིད་ཅན་སུ་ཞིག་མཆིས། །སེམས་ཅན་རེ་རེའི་ཕྱིར་ཡང་ཁྱེད་ཀྱིས་ནི། །སྨན་པའི་བགྱི་བ་གང་ཞིག་མ་སྩལ་བའི། །ཕུལ་བྱུང་མཛད་པ་གང་དེ་འཇིག་རྟེན་ན། །དུས་གསུམ་