R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༢༠
[A:༦༢༠]རྒྱལ་བའི་སྤྱན་གྱི་གཟིགས་མ་གྱུར། །རང་དོན་རྩཱ་བཞིན་བཏང་ནས་གཞན་དོན་གྱིས། །བདུད་རྩིའི་བརྟུལ་ཞུགས་གྲུབ་པས་དགྱེས་པ་ཅན། །མགོན་པོ་གང་གི་དཔེ་ཟླར་འོས་པ་བཞིན། །རྒྱལ་རྣམས་ཆོས་ཀྱི་དབྱིངས་སུ་འཚོལ་བ་འདྲ། །ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་བསྟན་འགྲོར་ཕན་བདེ་སྤེལ་བའི་སྐབས་ཏེ་ལྔ་པའོ།། །། ༈ དེ་ལྟར་གཙོ་བོར་འཆད་པའི་སྒོ་ནས་བསྟན་པ་རིན་པོ་ཆེ་སྤེལ་བའི་ཚུལ་མདོ་ཙམ་བརྗོད་ནས། ད་ནི་རྩོད་པ་གནམ་ལྕགས་ཀྱི་འཁོར་ལོས་ཕ་རོལ་པོའི་ལོག་རྟོག་གི་བྲག་རི་བཅིལ་ཏེ་བསྟན་པ་ཇི་ལྟར་གསལ་བར་མཛད་པའང༌། སྤྱིར་འཕགས་ཡུལ་གྱི་རིག་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་སོགས་མུ་སྟེགས་བྱེད་དང་རྩོད་པ་ན་རྒོལ། ཕྱིར་རྒོལ། དཔང་པོ་གསུམ་ཚོགས་པར་བྱས་ཏེ་རང་གཞན་གྱི་འཁྲུལ་པ་བཟློག་པ་དང༌། བསྟན་པ་འཛིན་པའི་ཕྱིར་སོ་སོའི་གྲུབ་མཐའི་རྐང་བཟུང་ནས་རྩོད་པ་བྱེད་པ་ནི་ཤིན་ཏུ་ལེགས་ཤིང༌། དེ་ལས་གཞན་དུ་སྐབས་ཀྱི་དོན་ཕྲན་བུ་རེ་དང་གཞུང་དུམ་བུར་བཏོན་ནས་སྦྱོར་བ་ཁོད་ཟེར་བ་ནི་བྱིས་པའི་སྐྱེ་བོ་ཉམས་སད་པའི་རྩོད་པ་ཡིན་གྱི། མཁས་པའི་སྐྱེས་བུ་གྲུབ་མཐའ་འཛིན་པའི་རྩོད་པ་མ་ཡིན་ནོ། །ཞེས་གསུངས་པ་སོགས་མང་དུ་སྣང་མོད། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་གྲུབ་མཐའ་སྨྲ་བ་ལུང་རིགས་ཀྱི་སྟོབས་དང་ལྡན་པ་དག་ནི་བོད་ཀྱི་ཡུལ་འདིར་དེང་སང་གི་སྐབས་སུ་མེད་པས་སྤྲོས་པའི་ཚོགས་ཆེན་པོས་རྩོད་པ་བྱེད་པ་དེ་ལྟ་བུ་ནི་ཆེར་མི་སྣང་ཞིང༌། འོན་ཀྱང་