R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༢༡
[A:༦༢༡]སངས་རྒྱས་ཀྱི་བསྟན་པ་གཞིར་བྱས་པ་ལའང་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་སོ་སོའི་བཞེད་པ་ཐ་དད་པ་དུ་མའི་རྗེས་སུ་འབྲང་བ་ལ་བརྟེན་ནས་རང་རང་གི་ལུགས་སྲོལ་འཛིན་པ་མཐའ་ཡས་པ་ཞིག་སྣང་བ་དེ་དག་ལ། རྗེ་བཙུན་དམ་པ་འདིས་ནི་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་སོགས་ཉེས་པའི་དྲི་མ་བག་ཆགས་དང་བཅས་པ་ཡང་དག་པར་སྤངས་བའི་སྟོབས་ཀྱིས། ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་ཆེད་དུ་མ་གསུངས་ཏེ། །དེ་ལྟའང་འདིས་ནི་གཞན་སྨྲ་རྣམས། །བསྲེགས་ཏེ་མེ་ཡིས་བུད་ཤིང་བཞིན། །ཞེས་གསུངས་པ་དང་ཚུལ་མཚུངས་པར་བསྟན་པ་རྣམ་པར་དག་ཞིང་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པར་གྱུར་ན་ཅི་མ་རུང་སྙམ་པའི་དགོངས་པ་རྣམ་པར་དག་པས་རྣམ་པར་དཔྱད་པ་ཅུང་ཟད་མཛད་པའི་ཤུགས་ཀྱིས་ཉི་མ་ཤར་བས་མུན་པ་འཇིག་པ་ལྟར་རྒོལ་བ་ངན་པ་ཐམས་ཅད་རང་བཞིན་གྱིས་འཇིག་པར་གྱུར་པ་ནི་མ་གཏོགས་ཀྱི། གཞན་དུ་ཆོས་དང་གང་ཟག་ལ་སྡང་བས་ཕ་རོལ་ཟིལ་གྱིས་གནོན་པར་འདོད་ནས་གཞན་གྱི་གྲུབ་མཐའ་རྣམ་པར་དག་པ་ལ་དག་པར་ཤེས་བཞིན་དུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྐྱོན་ཇི་སྙེད་པ་ནན་གྱིས་འཚོལ་བ་སོགས་དམ་པ་མ་ཡིན་པའི་སྤྱོད་པ་དེ་ལྟ་བུ་ནི་ཐར་པའི་ལམ་དུ་མི་འགྱུར་ཞིང༌། ངན་འགྲོའི་རྒྱུ་ལས་མ་འདས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་མི་བཞེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་རིགས་པ་དང་མི་རིགས་པ་ཅུང་ཟད་དཔྱོད་པར་ནུས་པའི་སྡེ་སྣོད་འཛིན་པ་དག་གིས་བདེ་བར་གཤེགས་པའི་བཀའ་དང༌། དེ་དག་གི་དགོངས་འགྲེལ་རྣམས་དང༌། རྗེ་ཉིད་ཀྱིས་མཛད་པའི་གསུང་རབ་རིན་པོ་ཆེ་རྣམས་དང༌། གཞན་ཡང་འཆད་པའི་ཚུལ་འགའ་ཞིག་ལས་བརྩམས་ཏེ་མ་རྟོགས་པ་དང༌།