R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༢
[A:༥༣༢]གཞན་གྱི་ཆོས་དབྱིངས་མཉམ་པ་ཉིད་དུ་གཟིགས་པས་ཕྲིན་ལས་དོན་ཡོད་པར་མཁྱེན་པ་དང༌། འཁོར་བ་ལ་མཐའ་མེད་པས་ཐུགས་བསྐྱེད་དང་མཐུན་པའི་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རྣམ་པར་རྟོག་པའི་འབད་རྩོལ་མེད་པར་ཕྲིན་ལས་ཀྱི་འཁོར་ལོ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་ཚུལ་གྱིས་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་འདི་ནི་ཆོས་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང༌། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དུ་སུ་དག་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང༌། མདོ་སྡེ་རྒྱན་ལས། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པར་སྣང༌། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་འཇིག་རྟེན་གསུམ་ན་རྨད་དུ་བྱུང་བའི་ཐུགས་རྗེ་དང༌། ཐབས་ལ་མཁས་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་འཇུག་པ་དེ་ལྟ་བུའི་སྒོ་ནས་གདུལ་བྱ་འདུལ་བའི་དབང་ཉེ་བར་བཟུང་སྟེ། རང་རང་གི་བློ་གྲོས་ཀྱི་རིམ་པ་དང་མཐུན་པར་འོག་མིན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་བརྗོད་དུ་མེད་པ་དག་ན་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གནས་ཐུན་མོང་མ་ཡིན་པ་རྡོ་རྗེ་བཙུན་མོའི་བྷ་ག་ལ་