R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༡
[A:༥༣༡]དབང་མོ་རྙེད་པར་འགྱུར། །ཞེས་དང༌། སངས་རྒྱས་ཐོད་པ་ལས། མན་ངག་འདི་ཡི་ཆ་དག་ནི། །གླེགས་བམ་རྣམས་ལས་སྤྱོད་ཡུལ་མིན། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་སོགས་དང༌། ཤེར་ཕྱིན་སྡུད་པ་ལས་ཀྱང༌། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང༌། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་དང༌། གཞན་ཡང་སྡོང་པོ་བཀོད་པ་ལས་ཀྱང་མང་དུ་གསུངས་པ་ལྟ་བུ་སྟེ། མདོར་ན་དབང་དོན་དག་བྱ་དག་བྱེད་ངོ་འཕྲོད་པའི་དབང་བཞི་མཚན་ཉིད་དང་ལྡན་པ་བསྐུར་བའི་རྡོ་རྗེ་སློབ་དཔོན་དེ་ནི་གདན་གསུམ་ལྷའི་རང་བཞིན། དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པའི་བདག་ཉིད། རིགས་ལྔའི་རང་བཞིན་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་བླ་མ་མཉེས་པའི་ཞལ་སྔ་ཁོ་ན་ལས་རྙེད་པར་འགྱུར་རོ་ཞེས་བཀའ་དང་བསྟན་བཅོས་ཐམས་ཅད་ལས་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པའི་གཏན་ཚིགས་ཁྱད་པར་ཅན་འདི་དག་གིས་ཤེས་པར་ནུས་སོ། །དེ་ལྟ་མོད་ཀྱི་སངས་རྒྱས་རྣམས་ནི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་རྒྱུ་སྔོན་གྱི་སྨོན་ལམ་རླབས་པོ་ཆེས་གཞན་དབང་དུ་གྱུར་པ་དང༌། བདག་