[A:༢༥༡]མགོ་བོ་འཁོར་བ་ལྟ་བུ་སྣང༌། རྗེ་བཀའ་དྲིན་ཅན་དེ་ནི་དགུང་གྲངས་བརྒྱད་ཅུ་ནང་ཕེབས་ཀྱང་ཆོས་འཆད་ཀྱི་བྱ་བ་ལ་སྐྱོ་དུབ་མི་མངའ་བ་ཞིག་འདུག་གོ་ཡང་ཡང་གསུངས། དགུང་གྲངས་བཅུ་གཅིག་པ་ནས་བཟུང་སྟེ་ལོ་ངོ་བཞིའི་བར་དུ། གནས་ཀྱི་སློབ་དཔོན་གཉིས་པ་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་ཀུན་ལ་སྤོབས་པའི་གཏེར་ཆེན་ཡོངས་སུ་གྲོལ་བ་ཁུ་ན་པཎྜི་ཏ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་དང་བཅས་པའི་སློབ་དཔོན་རྣམ་གཉིས་ཀྱི་ཞལ་གྱི་བདུད་རྩི་རྒྱུན་འཆད་མེད་པར་མྱོང༌། ཡོངས་རྫོགས་བསྟན་པའི་ཉམས་ལེན་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་ཞལ་ཁྲིད། སོ་སོར་ཐར་པའི་མདོ་རྩ་འགྲེལ་བཤད་པ་དང་བཅས་པ། དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས། ཚུལ་གསུམ་དང་ལྗོན་ཤིང་མཛེས་རྒྱན། སྣང་གསུམ་མཛེས་རྒྱན། རྒྱུད་གསུམ་མཛེས་རྒྱན། ལྗོན་ཤིང་ཆེན་པོ། །རྒྱུད་སྡེ་སྤྱིའི་རྣམ་བཞག །རྒྱུད་ཀྱི་དུམ་བུ། སྟོང་ཐུན། བདག་མེད་བསྟོད་པའི་རྣམ་འགྲེལ་རྣམས་ཐུགས་འཛིན་གནང་ནས་ཚིག་དོན་མཐའ་ཆོད་པ་བླ་བྲང་ཁག་བཞི་ལ་རྒྱུགས་ཕུལ་བས། རྣམ་དཔྱོད་དང་ལྡན་པ་རྣམས་ངོ་མཚར་བའི་གནས་ལ་བཀོད། རྗེ་ཉིད་ཀྱི་ཞལ་ནས་ང་གཞོན་དུས་ཆོས་གསན་སྦྱངས། འདོན་ཉམས་ལེན་ཁོ་ནར་མ་གཏོགས་པའི་རྣམ་གཡེང་སྐད་ཅིག་ཀྱང་བྱ་མ་མྱོང་གསུངས། དྲུང་ན་གནས་པ་དག་གིས་རྒྱུན་པར་སྐུ་ཆིངས་དཀྲོལ་བ་མཐོང་མ་མྱོང་ཞིང༌། ཅུང་ཟད་མནལ་མཛད་ནའང༌། ནམ་གུང་མ་ཟིན་ཙམ་ནས་ཡར་བཞེངས་པ་ཤ་སྟག་ཡིན་ཅེས་ཟེར། དེ་ལྟར་ཐུགས་བརྩོན་དྲག་པོ་གནང་སྐབས་ཡོན་ཏན་ཟད་མི་ཤེས་པའི་