R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༥༢
[A:༢༥༢]གཏེར་གྱི་ཁ་སྒོ་དང་པོ་འབྱེད་པའི་དགེ་མཚན་ཅི་ཡང་ཤར་ཤིང༌། ཁྱད་པར་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ཐུགས་འཛིན་གནང་སྐབས། ནམ་གུང་ཡོལ་ནས་ཁྱིམ་བྱའི་མགྲིན་གླུ་དང་པོ་ལེན་ཙམ་གྱི་དུས་སུ། གཟིམས་ཁང་གི་ནང་ཐམས་ཅད་ཉིན་མོ་བཞིན་ཏུ་འོད་ཀྱིས་གསལ་ལམ་མེར་གྱུར་པའི་མདུན་གྱི་ནམ་མཁའི་གནས་དེར། དར་ཟབ་འབོལ་བརྩེགས་ཀྱི་སྟེང་དུ་བླ་མ་འཛུམ་པའི་ཞལ་ལ་དགྱེས་པའི་ཉམས་དང་ལྡན་པ། དབུ་ཟླུམ་སྐྲ་དང་ན་བཟའ་དཀར་པོ་ཅན། གཟི་མདངས་རྒྱས་ཤིང་ཟིལ་ཆེན་པོ་དང་ལྡན་པ་ཞིག་གི་ཞལ་རས་མངོན་སུམ་དུ་མཇལ། དེ་མ་ཐག་ཏུ་བཟོད་དུ་མེད་པའི་མོས་གུས་གདུང་ཤུགས་ཆེན་པོ་བཅོས་མ་མ་ཡིན་པ་སྐྱེས་པ་དང༌། དེའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྐྱེ་བ་སྔ་མ་རྣམས་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་ནོ། །མ་འོངས་པའི་དུས་ན་ངའི་དྲུང་དུ་མངོན་པར་འོང་བར་འགྱུར་གྱི། རིང་པོར་མི་ཐོགས་པར་ཤར་གྱི་ཕྱོགས་སུ་སོང་ཤིག་དང༌། དོན་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ལ་བར་ཆད་ཀྱི་ཆོས་གང་ཡང་མེད་དོ། །ཅེས་གསུང་ལྷང་ལྷང་བྱུང་བའི་སྐད་ཅིག་དེ་ཉིད་ལ་གཟུང་འཛིན་གྱི་སྣང་ཞེན་ཆ་དང་བཅས་པ་གཞི་མེད་རྩ་བྲལ་དུ་ཡལ་ནས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐའ་དབུས་དང་བྲལ་བའི་ངང་དུ་མཉམ་པར་གནས་པར་གྱུར། དེ་ལས་སངས་ནས་འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་ལྟ་བུ་བརྫུན་གྱི་ཟ་ཟི་ཁོ་ནར་གཟིགས་ཤིང༌། འཇིག་རྟེན་གྱི་བྱ་བཞག་ལེགས་སུ་རེ་བ་དང༌། ཐོབ་ཐང་གོ་ས་རྣམས་ལ་ཐུགས་ངེས་པར་དབྱུང་ནས། རྒྱལ་བའི་བསྟན་པའི་ཆེད་དུ་སྐུ་