[A:༢༥༠]འགྲེལ་ལེགས་ཆ་བཏུ་བ་དང༌། རང་གིས་རྟོག་བཟོ་བྱེད་པ་དང་གསུམ་ཙམ་མཆིས་པའི་ནང་ནས་འཆད་ཚུལ་དང་པོ་ལ་བརྟེན་པ་ནི་དཔལ་ལྡན་ས་སྐྱ་པའི་རང་ལུགས་ཡིན་པ་མཁྱེན་ནས། ཚད་མ་རིགས་པའི་གཏེར་རང་འགྲེལ་ཡང་འགྲེལ་དང་བཅས་པ་རྣམས་ལ་དཔྱིས་ཕྱིན་པར་གཟིགས་སྦྱངས་སློབ་གསུམ་གནང་བ་མ་ཟད། ཚད་མའི་བསྡུས་གྲྭ་དང༌། བློ་རིག་རྟགས་རིག་གི་སྐོར་ལ་བྱང་ཆུབ་པར་མཛད་ཅིང༌། དེའི་སྐབས་སུ་ཟིན་ཐུན་བྲིས་པར་ཕྱིས་རྒྱས་སུ་བཏང་བའི་ཡིག་ཆ་ལས། རྟགས་རིག་ཉི་མའི་དཀྱིལ་འཁོར་ཤར་བ་ན། །བློ་རིག་པདྨོ་རང་དབང་མེད་པར་གྲོལ། །ཅེས་གསུངས་པ་ལྟར་རོ། །གཞན་ཡང་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལ་འཇམ་པའི་དབྱངས་ཉིད་དངོས་སུ་བྱོན་ནས་སྒྲོ་འདོགས་བཅད་པ་ལྟ་བུ་སྡོམ་པ་གསུམ་རབ་ཏུ་དབྱེ་བའི་དོན་ལ་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་གསལ་བར་བྱས་པས་ཤིང་རྟའི་སྲོག་ཤིང་མ་ཆག་པ་བཞིན་དུ་ཆོས་ཀྱི་གནད་མི་འཆུག་པའི་གདེང་དེ་དུས་ནས་ཐོབ་པོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། དབུ་མ་ལ་འཇུག་པའི་ཉམས་ཁྲིད་གསན་ནས་བྱང་ཆུབ་ཀྱི་སེམས་གཉིས་སངས་རྒྱས་ཀྱི་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཉམས་མྱོང་སྐྱེས་ཤིང༌། ཐབས་ཤེས་ཟུང་འཇུག་གི་ལམ་གྱིས་མཐར་ཕྱིན་པར་བྱ་བའི་དོན་ལ་ངེས་པ་གཏིང་ནས་འཁྲུངས། གཞན་ཡང་མངོན་པར་རྟོགས་པའི་རྒྱན་དང༌། ཕར་ཕྱིན་ཐེག་པའི་གཞུང་པོད་གྲགས་ཆེ་བ་རྣམས་ཀྱི་སྤྱི་དོན་མཐའ་དཔྱོད་ཟླ་བ་མང་པོའི་བར་དུ་གསན་ཅིང༌། རྗེ་ཉིད་ཀྱི་ཞལ་ནས། ཐོས་བསམ་བསྒྲེས་པ་རྣམས་ཤིན་ཏུ་ཉམས་མཚར་བ་དང༌། གསར་བུ་རྣམས་