[A:༢༥༣]སྲོག་འདོར་བཟོད་དམ་སྙམ་པའི་འདུན་པ་དང༌། སེམས་ཅན་རྣམས་ལ་བཟོད་བླག་མེད་པའི་སྙིང་རྗེ་འཁྲུངས། བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དེ། ད་ལྟ་རང་མཇལ་རྒྱུ་བྱུང་ན་དགའ་བ་ལ་སྙམ་པའི་དད་བློ་འགྱུར་བ་མེད་པ་ཞིག་སྐྱེས། སྐུ་དེ་ནི་བོད་ཡུལ་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡིན་འདུག་གོ་གསུངས། དེ་ནས་བཟུང་སྟེ་ཟབ་གསལ་ཐུགས་ཀྱི་མེ་ལོང་དྭངས་ཤིང་སྒྲིབ་པ་མེད་པ་ལ་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟུགས་བརྙན་ཇེ་གསལ་དུ་མངོན་ནས། ཉིན་རེ་ལ་དཔེ་ལྡེབ་མདའ་ཚད་མ་དྲུག་རེ་ཐུགས་འཛིན་གནང་ཡང་དཀའ་ཚེགས་མེད་པར་མངོན་དུ་གྱུར། གང་གི་ཚེ་དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་འགྲེལ་བཤད་སྐོར་དང་མངོན་པར་རྟོགས་པའི་རྣམ་བཤད་གནད་ཀྱི་ཟླ་ཟེར། འབུམ་གྱི་བསྡུས་དོན་རྣམས་ཐུགས་འཛིན་གནང༌། ཉིན་མཚན་བར་མེད་དུ་ཆོས་སྤྱོད་བཅུའི་བྱ་བས་དུས་འདའ་བར་མཛད་པས། རྩ་བའི་བླ་མ་རྣམས་ཐུགས་དགྱེས་རབས་ཀྱི་རྩེར་སོན་པའི་སྐབས་ཤིག་ན། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་དགོངས་པ་རང་གྲོལ་གྱི་ངང་ནས་སྐུ་མདུན་གདན་དྲངས་ཏེ། ལྷག་པའི་ལྷ་འཇམ་དབྱངས་དམར་སེར་དང༌། དབྱངས་ཅན་དཀར་མོའི་རྗེས་སུ་གནང་བ་སྩལ་ནས། རྒྱས་འགྱུར་གྱི་རིགས་སད་པའི་དབོན་པོ་མཆོག་འདི། ང་བླ་མའི་རིགས་རུས་དབོན་པོ་ཡིན་ཟེར་ནས་མཆོད་ཆ་ཕྱག་རྫས་ཚགས་རྩ་བྱེད་ཤེས་ཙམ་དང་མི་འདྲ་བ། དད་པ། བརྩོན་འགྲུས། ཤེས་རབ་གསུམ་གཅིག་གིས་