R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༥༤
[A:༢༥༤]གཅིག་ལ་འགྲན་ཚད་པ་ལྟ་བུ་ཞིག་བྱུང་འདུག །སྔ་མར་གཞུང་ཆེན་དང་འགྲེལ་པ་མང་པོ་ལ་ཐུགས་འཛིན་གནང་ནས་ཚིག་དོན་སོ་སོར་ཡང་དག་པར་རིག་པའི་སྤོབས་པ་ཅན་དུ་སོང་ཞིང༌། ད་དུང་ཡང་མདོ་སྔགས་གཞུང་ལུགས་ཀུན་ལ་ལེགས་པར་སྤྱངས་ཤིང་ལེགས་པར་སློབ་དགོས་པས། མཁས་དབང་འཇིགས་མེད་དཔལ་ལྡན་ཁྱེད་ཀྱིས་མཐུན་འགྱུར་གང་ལེགས་མཛོད། གཞན་ཡང་ཕྱོགས་སུ་མ་ལྷུང་བའི་དགེ་བའི་གཤེས་གཉེན་མཚན་ཉིད་དང་ལྡན་པ་རྣམས་ཀྱི་ཞལ་ལུང་གསན་ནས་རྒྱལ་བསྟན་ཡོངས་རྫོགས་འཛིན་པའི་འོས་དང་རེ་བ་ཆེ། དང་པོ་རང་གིས་ཉམས་ལེན་གྱི་མཐིལ་དུ་བཞག་ནས་མྱོང་བ་ཐོན་པ་དང༌། དེ་ནས་འཆད་རྩོད་རྩོམ་གསུམ་གྱིས་སྤེལ་བ་རྣམས་གཅིག་གིས་གཅིག་གོ་མ་བཀག་པ་མདོར་ན་བསྟན་པ་འདི་ལ་ཅི་ཕན་ཁོ་ན་གལ་ཆེའོ་གསུངས་ཤིང༌། སྐུ་གསུང་ཐུགས་རྟེན་གྱི་སྣ་དྲངས་པའི་ན་བཟའ་ཉེར་སྤྱད་སྤུས་ལེགས་མང་དུ་སྩལ། ཐུགས་ཀྱི་སྲས་གཅིག་པུར་བཟུང༌། མཁན་ཆེན་འདི་ནི་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས་གང་གི་ཐད་ནས་ཡོན་ཏན་ཐམས་ཅད་གྲུ་བཞི་ལམ་མེ་དོད་པ་ཡིན་ནོ་ཅེས་རྗེ་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །དེ་ལྟར་བཀའ་དོན་རྗེས་སུ་སྒྲུབ་པའི་སླད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཕོངས་མེད་དུ་གཏོང་བའི་རྡོ་རྗེའི་གཡར་དམ་བརྟན་པོ་དེ་དུས་ནས་བཅས་སོ། །དོན་དེ་དག་ལ་འདི་སྐད་ཅེས་སྨྲའོ། །སེང་གེ་དཀར་མོའི་ཕྲུ་གུ་དེ། །རང་གི་ངང་གིས་རྩལ་རྫོགས་ཀྱང༌། །སེང་ཆེན་སྟོབས་དང་ལྡན་པ་འགས། །ཉམས་རྩལ་ཆེ་བའི་ཚུལ་ལ་སློབ། །འཁོར་ལོས་