R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༥༥
[A:༢༥༥]སྒྱུར་བའི་རྒྱལ་པོ་རྣམས། །རང་སྲས་མཚན་གྱིས་སྒེག་པ་དེ། །རང་གི་གོ་འཕང་བཞག་པ་ཡི། །ཉེར་བསྡོགས་ཆུང་ངུའི་དུས་ནས་བརྩམས། །ཤར་རིའི་ཕྲག་ནས་ཟླ་ཟེར་ངོམ། །ཆུ་ཡི་ནང་ནས་འདབ་རྒྱ་གྲོལ། །རིགས་ཀྱི་དབུ་ལ་རིགས་བདག་མཛེས། །སྙིང་གི་དབུས་ནས་སྙིང་པོ་བརྡོལ། །འཕགས་པས་འཕགས་མིན་བརྫུ་བག་སྟོན། །ཡོད་ཀྱང་མེད་པའི་ཚུལ་ལྟར་སྣང༌། །སོ་སྐྱེས་མཆོག་གི་སྐུ་སོབ་བསྟན། །གཞན་དཔལ་རང་ལ་སྦྱར་ཤིང་ངོམ། །བརྫུན་སྣང་མཁའ་ལ་སྤྲིན་ལྟར་དེངས། །བདེན་དོན་དེ་ཉིད་མངོན་སུམ་རིག །དབང་བཞིའི་རྟོགས་པ་ཆིག་རྫོགས་སྐྱེས། །འདི་ལས་དོན་བརྒྱུད་གཞན་ཅི་ཞིག །རྡོ་རྗེ་འཛིན་པའི་རྒྱལ་པོ་དེས། །རྡོ་རྗེ་ཐེག་པའི་བདག་པོའི་དབང༌། །རྡོ་རྗེའི་བུ་ལ་བསྐུར་བ་དེས། །རྡོ་རྗེའི་ས་ལམ་ཆིག་ཆོད་འགྱུར། །གཞན་ཡང་སྔར་ཐོས་བསམ་མཛད་པ་རྣམས་ལ་ཡང་ཡང་འདྲིས་གོམས་གནང་ཞིང༌། སྒྲ་ཀ་ལཱ་པའི་རི་མོའང་འདྲི་བར་མཛད་དོ། །དགུང་གྲངས་བཅོ་ལྔ་པའི་སྐབས་སུ། མཁན་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་མདོ་རྒྱུད་ཐམས་ཅད་ཀྱི་སྒྲོན་མེ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཟབ་ཁྲིད། བླ་མ་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་བཟང་པོའི་ཕྱག་བཞེས་ལྟར་ཟླ་བ་དྲུག་གི་བར་དུ་གནང་བའི་ཚེ་ཉིན་རེ་བཞིན་ཐུན་གསུམ་རེ་བཅད་དེ་དམིགས་ཁྲིད་རྣམས་རྒྱུད་ལ་སྦྱར་ནས་ཐུགས་དང་འདྲེས་ངེས་མཛད་པས། སྔོན་འགྲོ་སྣང་བ་གསུམ་གྱི་སྐབས་སུ་མ་དག་པའི་སྣང་བ་ཉམས་ཀྱི་སྣང་བས་སྦྱོང་ཞིང༌། དེ་དག་པའི་སྣང་བ་བསྒྱུར་ན་ཚེགས་མེད་པའི་དོན་ལ་