[A:༢༥༦]ངེས་པར་རྙེད་པས། རྡོ་རྗེ་ཐེག་པའི་ལམ་གྱི་རྐང་རྩ་བརྟན་པོ་ཚུགས་ཤིང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ངེས་དོན་གྱི་གནས་ལུགས་གཏན་ལ་དབབ་ཚུལ་སོ་སོར་ཕྱེས་ནས་གནད་ཀྱི་དོན་གཅིག་ཏུ་བབས་པ་ལ་ཐུགས་གཞོལ་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། དེ་ཙམ་ན་དབུ་སེམས་བརྒྱུད་པའི་ཁྱད་པར་གཉིས་དང༌། གཉིས་འདུས་ཀྱི་ཆོ་ག་ལས་ཐུགས་བསྐྱེད་ཀྱི་གོ་ཆ་བཞེས་ཤིང༌། ཐེག་པ་མཆོག་གི་བློ་གྲོས་གཞན་ཕན་ཆོས་ཀྱི་ཉི་མ་མཚན་དུ་གསོལ། རྒྱལ་སྲས་དཔའ་བོ་ཕྱིར་མི་ལྡོག་པའི་བརྟུལ་ཞུགས་འཆང༌། བསགས་སྦྱོང་སྤེལ་གསུམ་སྔོན་དུ་འགྲོ་བས་ཉིན་རེ་བཞིན་དུ་ཐུགས་བསྐྱེད་ཡང་ཡང་གསལ་འདེབས་གནང་ནས་དུས་དང་གནས་སྐབས་ཀུན་ཏུ་བློ་སྦྱོང་ལེགས་བཤད་ཀུན་བཏུས། བློ་སྦྱོང་སྙན་བརྒྱུད་ཆེན་མོ་དག་གི་དགོངས་དོན་དང༌། ཉམས་ཀྱི་སྣང་བའི་སྐབས་སུ་བྱུང་བའི་ཉམས་ཁྲིད་གཉིས་ཆིག་དྲིལ་གྱི་ཚུལ་དུ་ཉམས་ལེན་གྱི་གཞི་དང་རྩ་བར་མཛད། གཞན་རྣམས་ལའང་དེ་ལྟར་གདམས་ཤིང་རྗེས་སུ་བསྟན། དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ནས་དབང་བཞི་རྫོགས་པར་ནོས་ཏེ་གཞི་ཡི་སྐུ་བཞི་ལ་ལམ་གྱི་སྐུ་བཞིས་གསོས་བཏབ་ནས་འབྲས་བུ་སྐུ་བཞི་མངོན་དུ་འགྱུར་པའི་རྟེན་འབྲེལ་གྱི་གནད་གསང་ཕྱིན་ཅི་མ་ལོག་པར་གཟིགས། དེའི་སྟོབས་བསྐྱེད་པའི་ཕྱིར་གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པ་རིག་ཐོག་ཏུ་རང་ངོ་སྤྲོད་པའི་ལྟ་བ་ལ་ཕུག་ཐག་ཆོད། དེའི་རྩལ་རྫོགས་པའི་ཕྱིར་འཁྲུལ་སྣང་ལྷ་སྣང་དུ་སྦྱོང༌། ལྷ་སྣང་ཡེ་ཤེས་སུ་སྦྱོང་བའི་ལམ་གྱི་ཆེ་བ་ཐམས་ཅད་མྱོང་ཐོག་ནས་འདོན་