[A:༢༥༧]པས། ཕྱི་སྣོད་བཅུད། ནང་རང་ལུས། གསང་བ་རང་སེམས་རྣམས་བདེ་ཆེན་གྱི་རོལ་པ་གཅིག་ཏུ་སྨིན་པའི་ཉམས་རྟོགས་ཀྱི་རྩེར་སོན། དེ་དག་གི་བར་སྐབས་སུ་ལུགས་དེ་ལ་དགོས་པའི་དབང་བྱིན་རླབས། ལུས་སྦྱོང་འཕྲུལ་འཁོར། ཐུན་མོང་མ་ཡིན་པའི་ཞལ་ཁྲིད། དམ་ཚིག་དང་སྡོམ་པའི་རྣམ་བཤད། ཕྱི་ནང་གི་བསྐྱེད་རིམ་གྱི་རྣམ་བཞག་དང་བཅས་པ་ཐུགས་ལ་ངེས་པར་མཛད་དོ། །ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་ནོས་པ་ནས་བཟུང་སྟེ། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པ། ལམ་དབང་དུས་ལས་མི་ཡོལ་བ་ལེན་པ་འདི་ཡིན་པའི་ངེས་ཤེས་ཀྱིས། ལུས་སེམས་ཀྱི་དྲི་མ་བཞི་སྦྱོང་ཞིང༌། ཟུང་འཇུག་སྐུ་བཞིའི་འབྲས་བུ་རང་འཁྲུངས་སུ་འགྱུར་པའི་ཉམས་མྱོང་དང་འབྲེལ་བཞིན། དབང་བཞིའི་ཆུ་བོ་མི་ནུབ་པ་ལ་བརྩོན་པར་མཛད་དོ། །ཨ་ཧོ་རྡོ་རྗེ་ཐེག་པའི་ཐབས་མཁས་འདིས། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ན། །རྡོ་རྗེ་བཞི་ཡི་ཡེ་ཤེས་ཆེན་པོ་དེ། །རྡོ་རྗེའི་བུ་ལ་རང་ཞལ་སྟོན་བཞིན་མཆིས། །ཡེ་ཤེས་མཆོག་གི་ཆེ་སྐད་འདོན་ཙམ་གྱིས། །རྩོལ་བ་མེད་པ་སེམས་རྒྱུད་གྲོལ་ནུས་ན། །ཐམས་ཅད་མཁྱེན་པའི་སྟོན་པ་ཐུགས་རྗེ་ཅན། །དེ་འདྲ་ཁོ་ནར་མི་མཛད་ཅི་ཞིག་ལགས། །རྗེ་བཙུན་བླ་མ་དམ་པ་གང་གིས་ཀྱང༌། །ལམ་གྱི་ཐུན་བཞི་དབང་བཞིའི་ཆུ་རྒྱུན་སྤེལ། །སྤྲོས་པ་ཕྱོགས་གཅིག་ཙམ་ཡང་མ་ཁེགས་བཞིན། །སྤྲོས་པ་ཐམས་ཅད་གྲོལ་བའི་ཁ་སྦོབས་ཀྱིས། །སྤྲོས་བཅས་ཐབས་རྣམས་དམན་པར་འཕེན་བྱེད་པའི། །སྤྲོས་བྲལ་དེ་འདྲ་རྗེ་འདིའི་ཞལ་ལ་མེད། །རགས་པ་སྡོམ་བཞི་རྒྱུད་