R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༥༨
[A:༢༥༨]ལ་མ་མྱོང་བཞིན། །ཕྲ་བ་སྒྲོ་འདོག་སོ་གཉིས་བྲལ་བ་ཡི། །རྒྱུ་འབྲས་ཕྱིན་ཅི་ལོག་པའི་སྐབས་དེ་འདྲ། །རྗེ་འདིའི་ཞལ་ལས་ནམ་ཡང་འབྱེད་མི་མཛད། །རྒྱུ་དང་འབྲས་བུའི་དགོངས་པ་ཕུན་སུམ་ཚོགས། །འཁོར་འདས་དབྱེར་མེད་གནས་ལུགས་མངོན་དུ་གཟིགས། །ཐུགས་རྗེ་ཆེན་པོའི་ཐབས་ལ་མཁས་གྱུར་པ། །སྐྱབས་མཆོག་འདི་ཡི་ཁྱད་ཆོས་མ་ལགས་སམ། །དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་ཁ་སྐོང་དང་བཅས་པ་ཟབ་རྒྱས་དང༌། དམར་པོ་སྐོར་གསུམ་དང༌། འབྱུང་པོ་འདུལ་བྱེད་དང༌། ངན་སོང་སྦྱོང་རྒྱུད་དང༌། ཚེ་དཔག་མེད་ལ་སོགས་པའི་ལྷག་པའི་ལྷ་མང་པོའི་སྒོམ་བཟླས་ལ་དུས་གྲངས་མཚན་མའི་བསྙེན་པ་ལས་སུ་རུང་བར་མཛད། བར་སྐབས་ཞིག་ཏུ་རང་གི་ཁུ་བོ་སློབ་དཔོན་ནམ་མཁའ་རྒྱལ་མཚན་ཞེས་པ་དགེ་བའི་བཤེས་གཉེན་ཁྱད་པར་འཕགས་པ་དེ་ཉིད་སྐུ་ཚེའི་འདུ་བྱེད་རྫོགས་པའི་མཆོད་སྤྲིན་དང༌། གཞན་ཡང་བསོད་ནམས་ཀྱི་དགེ་ཚོགས་རླབས་པོ་ཆེ་གདུལ་བྱ་རྣམས་ལ་སྨིན་པའི་ཕྱིར་ཕྱག་རྫས་ཀྱི་དངོས་པོ་ཡོད་རིགས་རྩལ་སྤྲུགས་སུ་མཛད་དེ་གཏོང་བའི་སྒོ་བརྒྱར་འབྱེད། སྔ་ཕྱི་ཀུན་ཏུ་སེམས་ཅན་ངན་འགྲོའི་སྡུག་བསྔལ་གྱིས་མནར་བ་མང་པོ་ཐུགས་ལམ་དུ་ཤར་བས་བཟོད་དུ་མེད་པའི་ཐུགས་རྗེ་འཁྲུངས་ནས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་སྨྱུང་བར་གནས་པ་ཉིས་བརྒྱ་ལྷག་ཙམ་སྐུ་ཉམས་སུ་བསྟར། དུས་རྒྱུན་པར་སྡུག་བསྔལ་གྱིས་ཉེན་པའི་སྐྱེ་འགྲོ་འགའ་ཞིག་གཟིགས་པ་ལྟ་ཅི། སྙན་དབང་དུ་དེངས་པ་ཙམ་གྱིས་མི་བཟོད་པའི་ངང་ཚུལ་བཞེས་ཤིང༌། བར་དོའི་སེམས་ཅན་རྣམས་ལ་དམིགས་པའི་གསུར་