R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༦༢
[A:༢༦༢]བཅས་པ་གང་ལ་གང་དགོས་ཀྱི་ཞལ་ཁྲིད་གནང༌། རིགས་ཀྱི་བདག་པོ་ཐར་རྩེ་རྡོ་རྗེ་འཆང་གིས་གཞི་གསུམ་གྱི་ཕྱག་བཞེས་གསར་འཛུག་དང༌། དབྱར་ཆོས་སྔར་རྡོ་རྗེ་འཆང་ཡབ་སྲས་ཀྱི་སྐུ་དུས་རྒྱ་ཆེན་ཡོད་ནའང༌། བར་སྐབས་ཉམས་ཆག་གྱུར་པ་ལ། བསྟན་པའི་མེ་རོ་གསོ་བའི་ཐུགས་བཞེད་ཕྱག་ལེན་སྨིན་གྲོལ་གྱི་བཀའ་སྲོལ་མ་ནུབ་པ་ཐམས་ཅད་རིམ་པར་གནང་བའི་མཐུན་འགྱུར་ཕུལ་དུ་བྱུང་བ་བསྒྲུབས་ཏེ་རབ་ཏུ་དགྱེས་པར་མཛད། ལོ་བསྟར་དགེ་སློང་བརྒྱ་ཕྲག་མང་པོའི་ལས་ཀྱི་སློབ་དཔོན་མཛད་དེ་རྗེ་བཙུན་ངོར་པ་ཆེན་པོའི་ཕྱག་རྒྱུན་དྲི་མ་མེད་པར་སྐྱོང་ཞིང་སྟོན་འཁོར་ཕུན་སུམ་ཚོགས་པ་དེ་དག་གི་གནས་སྐབས་ལ་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཕུན་སུམ་ཚོགས་པ་དེ་ལྟ་བུ་ནི་ཕྱིས་སུ་མ་བྱུང་བ་གསལ་ལོ། །དགུང་གྲང་ཉེར་བདུན་པའི་སྐབས་སུ། གཙུག་གི་ནོར་བུ་མཁན་ཆེན་རིན་པོ་ཆེའི་མདུན་དུ་གདན་དྲངས་ནས། ཞལ་གྱི་དཀྱིལ་འཁོར་མཛུམ་པའི་མདངས་ཕྱུངས་ཤིང༌། ཐུགས་དགྱེས་པ་ཆེན་པོའི་ཉམས་དང་ལྡན་པས་རིགས་ཀྱི་བུ་ཁྱོད་ཀྱིས་ད་ནི་བསྟན་པའི་བྱ་བ་བྱེད་པའི་དུས་ལ་བབ་བོ། །དེའང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལོ་ཆེན་བཞི་ལས་བརྒྱུད་དེ་འོངས་པའི་དབང་རྒྱུད་མན་ངག་གི་ཆུ་ཀླུང་མཐའ་དག་འཇམ་དབྱངས་བདུན་དང་ངོར་ཆེན་ཐུགས་རྗེ་ཆེན་པོའི་ཐུགས་མཚོར་གཅིག་ཏུ་བསྐྱིལ་བ་དང༌། ཡང་སྙིང་གྲུབ་ཆེན་བིརྺ་པས། རང་རེའི་ཕ་རྒན་རྗེ་ས་སྐྱ་པ་ལ་སྒོ་སྐྱེལ་མཛད་པའི་ཟབ་ཆོས་གསེར་ཞུན་དང་མ་ལྟ་བུ་དང་བཅས་པའི་བདག་པོ་ཁྱོད་འོས་སོ། །ཁྱོད་ཀྱིས་འཛིན་སྐྱོང་སྤེལ་གསུམ་གཡེལ་བ་མེད་པར་གྱིས་ཤིག །ངེད་ཀྱིས་དབང་བརྒྱ་ནོར་བུའི་