[A:༢༦༡]ལྷུན་གྲུབ་རྡོ་རྗེ་ཟ་མ་ཏོག །ཟག་མེད་ཡོན་ཏན་ཕུང་པོས་ཡོངས་སུ་གཏམས། །རྐྱེན་གྱིས་ཉམས་རྒུད་མེད་པའི་ངང་ཚུལ་ལ། །འདི་མཐའ་འདི་ཙམ་ཞེས་པའི་སྨྲ་བ་དེ། །བློ་ཆུང་བྱིས་པར་མཚར་བསྐྱེད་ཁོ་ནར་ཟད། །འོན་ཀྱང་གནས་སྣང་མཐུན་དང་མི་མཐུན་པས། །ཐུན་མོང་ཐུན་མིན་ཁྱད་པར་བྱུང་བ་ལ། །སྐབས་དོན་སོ་སོར་བརྗོད་པ་དོན་མེད་མིན། །ཡོན་ཏན་ཀུན་འབྱུང་རིགས་ཁམས་དགེ་བའི་ཞིང༌། །སྟོབས་ལྔས་ཡོངས་སྦྱོང་ལས་སུ་རུང་བ་ལ། །སྡོམ་གསུམ་ཆོས་ཀྱི་ས་བོན་རྨ་མེད་སྦྲུམ། །འཇུག་ལྡོག་ཚུལ་བཞིན་སྤྱོད་པའི་ཆུ་ལུད་བྲན། །གནས་བརྟན་འདུལ་བ་འཛིན་པའི་མྱུ་གུ་བརྡོལ། །རྒྱལ་སྲས་སེམས་དཔའ་ཆེན་པོ་སྡོང་བུའི་བསྲིང༌། །གསང་ཆེན་རིག་པ་འཛིན་པའི་སྙེ་མར་སྨིན། །ས་གསུམ་ཉེར་འཚོའི་དཔལ་གྱི་གོ་སྐབས་ཡང༌། །དགུང་གྲངས་ཉེར་གསུམ་པའི་དུས་སུ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མངའ་གསོལ། དེ་ནས་བཟུང་སྟེ་ལོ་གྲངས་ལྔ་ཡི་བར་དུ། རྗེ་རྡོ་རྗེ་འཆང་ཡབ་སྲས་ཀྱི་བཅའ་ཁྲིམས་གཏན་ཚིགས་ཇི་ལྟར་བཞག་པ་ལྟར་དུ། སྒྲིག་ལམ་ཀུན་སྤྱོད། ངག་འདོན་ཆོས་བརྗོད། རྒྱུད་སྡེའི་ཕྱག་ལེན། ཕྲ་རགས་ཐམས་ཅད་ཚུལ་བཞིན་དུ་སྦྱོད་པའི་ལམ་སྲོལ་བཟང་པོའི་སྐབས་ཕྱེད་བར་མཛད། ཚུལ་མིན་སྤྱོད་པ་རྣམས་ཀྱི་བག་མེད་ཀྱི་སྒོ་གླེག་ཤིན་ཏུ་སྡོམ་སྡེ། དད་ལྡན་དྭང་བ་འདྲེན་པའི་མིག་རྒྱན་དུ་འགྱུར་ངེས་པར་མཛད། བློ་གསལ་དོན་གཉེར་ཅན་གཞིར་གནས་དང་གློ་བུར་ལྷག་པ་དག་ལ་མདོ་སྔགས་ཀྱི་གཞུང་དང༌། རིག་གནས་ཡན་ལག་དང་