R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༦༣
[A:༢༦༣]ཕྲེང་མཛེས་ཞེས་བྱ་བ་རྒྱུད་སྡེ་བཞི་ཡི་བཀའ་མ་ཆད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་དཀར་ཆག་བཀོད་ཡོད་ཅིང༌། དེ་ལ་རང་གིས་འབད་རྩོལ་གྱིས་མཐར་དབྱུང་ཐུབ་པ་ཞིག་བྱུང་ན་བསམ་བརྒྱ་དྲན་གཅིག་དེ་ཁོ་ན་ཡིན་མོད། དོན་ཐོག་སྨིན་པ་ཞིག་ལ། བདུད་རིགས་ཀྱིས་བར་དུ་གཅོད་པས་དཀའ་བའི་གནས་སུ་གྱུར། དེས་ན་ཁོ་བོའི་བློ་ཡི་གཏད་ར་ཁྱོད་ལ་བཅའ་བ་ཡིན་པས། དེ་དག་ལ་གསལ་བྱེད་ཆོག་སྒྲིག་འཆད་སྦེལ་སོགས་གང་ཐད་ནས་བསམ་དོན་མཐར་ཕྱིན་པ་གལ་ཆེ་ལན་དགུ་བརྗོད་པ་ལགས། དེ་ལ་མི་ཤེས་པ་དང་མི་འགྲུབ་པ་ཡོད་མི་འགྲོ། །ཐོག་མར་རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུ་མའི་དཀྱིལ་ཆོག་ལ་ཆོག་ཁྲིགས་འདི་དང་འདི་ལྟ་བུ་གྱིས་ཤིག་ཅེས་བསླབ་སྟོན་དང༌། ཡང་སངས་རྒྱས་ཀྱི་བསྟན་པ་འཛིན་སྨྲ་བ་དེ་ནི། མི་དཔུང་གྲ་སྡེབ། སྟོབས་དང་གཟི་བརྗིད། ཐོབ་དང་དབང་ཐང༌། འཁོར་དང་ལོངས་སྤྱོད་ཅི་རྔམས་ཅི་ཆེ་བྱས་པས་འཛིན་མི་ནུས་ཏེ། སངས་རྒྱས་ཀྱིས་གསུངས་ཤིང༌། སྡུད་པ་པོས་བསྡུས་པ་ལ། རྒྱ་གར་པཎ་གྲུབ་དམ་པ་རྣམས་ཀྱིས་བཤད་སྒྲུབ་མཛད་དེ། བླ་མ་བརྒྱུད་པ་གསེར་རི་ཚར་དུ་དངར་བ་ལྟ་བུ་ལས་འོངས་པའི་ཟབ་རྒྱས་གསང་བ་མཆོག་གི་ཆོས་ཚུལ་རྒྱ་མཚོའི་གཞི་དང་སྙིང་པོ་ཡང་སྙིང་དང་བཅས་པའི་བཀའ་བབས་བདུད་རྩིའི་ཕུང་པོ་དང་འདྲ་བ་དེ་དག །ཉམས་པ་སོར་ཆུད་ཅིང༌། མ་ཉམས་པར་རྒྱུན་མི་འཆད་པའི་ཐབས་ཚུལ་ལ། དཀའ་བ་ཁྱད་བསད་དང༌། ངལ་བ་དྭང་ལེན་གྱི་འབད་རྩོལ་བརྒྱ་ཕྲག་མང་པོས་བརྩོན་པར་བྱ་བ་ཡིན་པས། ཁྱོད་ཀྱིས་ཅི་ནས་ཀྱང་དེ་བཞིན་དུ་རྗེས་སུ་བསྒྲུབ་པར་གྱིས་ཤིག །ང་རང་