[A:༢༦༦]དབང་པོའི་ཞབས་པད་དུ་ཉེ་བར་བསྙེན་པའི་རྟེན་འབྲེལ་འགྲིག་པ་བཅས། དེ་བཞིན་རྗེས་སུ་བསྒྲུབ་པའི་བཀའ་ལན་ཕུལ། ཐུགས་ལ་དགྱེས་ཚོར་བླ་ན་མེད་པ་བྱུང༌། གང་གི་ཚེ་བླ་བྲང་གཞུང་གི་གསང་བའི་མགོན་ཁང་བྱིན་རླབས་ཀྱི་གཟི་བྱིན་དཔལ་དུ་འབར་བ། མཁའ་འགྲོ་དམ་ཅན་སྤྲིན་ལྟར་འདུ་བ་དེ་ཉིད་དུ་ཞག་བདུན་ཕྲག་གཅིག་གི་རིང༌། མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་མཆོད་ཚོགས་དང་བཅས་ཏེ་ཐུགས་དམ་བསྐང་ཞིང་བསྐུལ་བ་ལ་བརྩོན་པར་གནང་ཞིང་དེའི་ཚེ་གསང་བའི་ལུང་བསྟན་ཞིག་བརྙེས་པ་གདོན་མི་ཟ་སྟེ། ད་ཁམས་ཕྱོགས་སུ་མྱུར་བར་ཕྱིན་ན་ལེགས་པར་འདྲ། རིགས་ཀྱི་བདག་པོའི་ཐུགས་བཞེད་སྐོང་ནུས་པ་དང༌། འཇམ་དབྱངས་བླ་མའི་ཞལ་རས་འཇལ་ཐུབ་པ་དང༌། ཆོས་མཐུན་གྱི་འདོད་དོན་ལ་གེགས་མེད་པ་ཞིག་འོང་ངམ་སྙམ་ཞེས་པའི་གསུང་ཟུར་ཕྲན་བུ་ཙམ་ཞབས་འབྲིང་ཁ་ཅིག་ལ་གནང་སྐད་ངེས་པར་ཐོས། དེ་ནས་རྩ་བའི་བླ་མ་རྣམས་ཀྱི་ཞབས་ཀྱི་པད་མོ་སྤྱི་བོར་མཆོད་ཅིང༌། ཐུགས་སྨོན་གནད་དུ་སྨིན་པར་མཛད་ནས་དུས་ཚེས་བཟང་པོ་ཉིན་མདོ་ཁམས་ཤར་གྱི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད་དོ། །བྱང་ལམ་གཞུང་ཞིག་ནས་ད་ལན་འདིར་ཞག་གཅིག་གཉིས་ཚུགས་ཆག་དགོས་གསུངས་པ་ལྟར་བྱས་པས་འགུ་ལོག་ཇག་པ་དཔུང་ཆེ་བ་དང་གདོང་ཐུག་འོང་རྒྱུ་ལས་ངེས་པ་གཟུ་སོང་ངོ་ཞེས་དེ་དུས་ཀྱི་རྒྱུས་ཡོད་དག་གིས་གླེང༌། དེ་ནས་བྱང་ལམ་བརྒྱུད་དེ་ནང་ཆེན་ཕྱོགས་ཕེབས་སྐབས་སུ། གྲུབ་པའི་དབང་ཕྱུག་ངག་དབང་ཚོགས་གཉིས་པས། ས་ཕྱོགས་འདིར་འཕགས་པའི་གནས་