R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༦༨
[A:༢༦༨]བརྟན་ཡན་ལག་འབྱུང་ཡིན་གསུང་མཁན། བླ་མ་བོད་སྐད་མཛད་པ་ཞིག་མངོན་སུམ་བྱོན་བྱུང་བའི་གཟིགས་པ་འོད་གསལ་དག་པའི་སྣང་ངོར་ཤར་ཤིང༌། དེ་ལ་འབྲེལ་བ་ཐོགས་ཚད་ངན་སོང་དང་འཁོར་བའི་འཇིགས་པ་ལས་གྲོལ་ལོ་ཞེས་དྲིལ་བསྒྲགས་པ་ལ། དུས་སྐབས་དེ་ན་བླ་མ་གཞན་སུ་གཅིག་ཀྱང་མ་བྱོན་རྗེ་འདི་ཁོ་ནར་བྱོན་པའི་སྐབས་སུ་བབས་པ་ན། བྱང་ཆུབ་སེམས་དཔའ་མི་བདག་གི་ཚུལ་ཅན་ནང་ཆེན་ཆོས་རྒྱལ་དམ་པས་གཙུག་ནོར་བཞེས་ཏེ། བཀུར་སྟི་གྱ་ནོམ་པར་བསྒྲུབས། རྒྱ་ཁབ་དང་འབྲེལ་བའི་ཆོས་སྡེ་དེ་ཉིད་དང༌། དགོན་ཁག་མང་ཞིག་ལ་འདུལ་བའི་གཞི་གསུམ་གྱི་ཕྱག་བཞེས་གསར་འཛུགས་གནང༌། ཕྱོགས་དེའི་སྐྱེ་འགྲོ་ཐམས་ཅད་ལ་ཆོས་ཀྱི་འབྲེལ་པས་ཁྱབ་པར་མཛད་དེ། སྒ་སྟོད་ཕྱོགས་ཀྱི་ལྟེ་བ་ལྟ་བུ། སྔར་བདག་ཆེན་རྒྱ་གར་བས་དང་པོ་ཉིད་དུ་ཕྱག་འདེབས་གནང་བའི་ཆོས་སྡེ་ཆེན་པོ་སྐྱེ་རྒུ་དོན་གྲུབ་གླིང་དུ་ཕེབས། དེའི་སྔ་ལོ་ལ་སྒྲུབ་བརྩོན་དམ་པ་བྱམས་པ་དར་རྒྱས་ཞེས་མཚན་དུ་འབོད་པ། རྣལ་འབྱོར་གྱི་མེ་ཕུང་བཟླས་གྲོལ་དུང་གི་དྲི་ཞོན་གྱིས་བསྐུལ་བས་སྒྲིབ་པའི་བུད་ཤིང་ཟད་པའི་ཕྱག་རྗེས་རྡོ་རྗེ་བཙུན་མོའི་འཛུམ་ཞལ་དབང་པོའི་བདུད་རྩི་མངོན་སུམ་མྱོང་བ་གང་དེས། ཡི་གེའི་ལམ་ནས་རང་གི་ཉེར་གནས་ལ་མདང་སུམ་ངའི་ཉིང་འཁྲུལ་དུ། ང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ཡིན་གསུང་མཁན། བླ་མ་པཎ་ཞུ་བཞེས་པ་ཞིག་བྱོན་ནས་འདུ་ཁང་བསམ་འགྲུབ་རྒྱ་མཚོའི་ཕྱོགས་བཞི་ལ་གསེར་གྱི་རྒྱལ་མཚན་ཆེ་ལེགས་བཞི་འཛུགས་སོང༌། དེའི་ཚེ་