[A:༢༦༥] བསྟན་པ་འདི་ལ་སྔོན་ཆད་མ་བྱུང་བའི་ངོ་མཚར་ཕུལ་དུ་བྱུང་བའི་མཛད་པ་མཆོག་གི་དགའ་སྟོན་ཆེན་པོ་དཀར་ཕྱོགས་པ་ཐམས་ཅད་ཀྱི་སྙིང་གི་བཅུད་དུ་སྦྱིན་པའི་སྒོ་ཡངས་པར་ཕྱེས་སོ། །ཨ་ཧོ་རྒྱལ་བའི་མཛད་པ་བསམ་མི་ཁྱབ། །རྒྱལ་སྲས་རྣམས་ཀྱི་སྨོན་ལམ་བསམ་མི་ཁྱབ། །བསམ་གྱིས་མི་ཁྱབ་པ་ལ་བསམ་བྱས་པས། །བསམ་པའི་ར་བ་ཤོང་བའི་སྐབས་མ་རྙེད། །སྟོན་འཁོར་དབྱེ་བར་མི་ཕྱེད་ཆོས་ཀྱི་སྐུ། །སྟོན་འཁོར་མཉམ་པར་སྣང་བ་ལོངས་སྤྱོད་རྫོགས། །སྟོན་འཁོར་མཆོག་ཕལ་སྣང་བ་སྤྲུལ་པའི་སྐུ། །གཅིག་ཉིད་དུ་མའི་ཟློས་གར་རྩེན་འདི་མཚར། །སྲིད་དང་ཞི་བའི་ཁམས་ན་དགེ་ལེགས་ཀུན། །འཛད་མེད་འཇོ་བའི་ནོར་བུའི་ལྗོན་པ་དེ། །དམ་ཆོས་འཛིན་པའི་སྨོན་ལམ་བཟང་པོ་ལས། །འཁྲུངས་པའི་འཕྲུལ་ཐབས་འདི་ནི་ཡ་མཚན་ཏོ། །འཇམ་དཔལ་གཞོན་ནུའི་ངོ་མཚར་ལས་བླངས་པ། །རྨད་བྱུང་ལོ་འདབ་མང་པོས་ཉེར་མཛེས་པའི། །གཞོན་ནུའི་སྐབས་ཀྱི་ཡལ་འདབ་གཉིས་པ་འདི། །ས་གསུམ་ཀུན་དགའི་མགོན་དུ་སྲིད་འདིར་དར། །དགུང་གྲངས་ཉེར་བརྒྱད་བཞེས་པའི་དུས་སུ་གཟའ་ཚེས་དགེ་བར་ཨེ་ཝཾ་ཐར་པ་རྩེའི་ཞབས་དྲུང་མངའ་གསོལ་གནང༌། ཁུ་ན་པཎྜི་ཏའི་མདུན་ནས་ཀྱང་གུར་ཞལ་གྱི་ཆོས་སྐོར་རྣམས་གསན། དེ་ནས་མདོ་སྨད་སྡེ་དགེའི་མངའ་འོག་ཏུ་ཐར་རྩེའི་སྒར་སྐྱོང་གི་བྱོན་བཞུགས་དགོས་པའི་བཀའ་ཕེབས་པ་ལ། རིགས་ཀྱི་བདག་པོའི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་ལེན་པ་ལས་ཕྲ་མོ་ཙམ་ཞིག་མི་འགལ་བའི་ཆེད་དང༌། འཇམ་དབྱངས་ངུར་སྨྲིག་གོས་ཅན་མཁྱེན་རྩེའི་