[A:༢༦༩]གྱིས་མདོ་སྨད་འཛིན་མའི་ཐིག་ལེ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆོས་སྡེ་ཟུང་འབྲེལ་དུ། ཞབས་ཀྱི་པདྨོ་བཀོད་དེ། རྟེན་གསུམ་རབ་འབྱམས་ལ་མཆོད་འབུལ་རྒྱས་སྤྲོས་དང༌། ལུང་ཟིན་ཆོས་རྒྱལ་ཆེན་པོ་དང་མཇལ་ཕྲད་མཛད། དགོན་སྡེ་མ་ལག་བདུན་གྱི་དགེ་འདུན་འདུས་པའི་དབུ་ལ་བཞུགས་ཏེ། རྒྱལ་ཟླའི་མཇུག་ཏུ་གཤིན་རྗེའི་གཤེད་ཀྱི་གཏོར་ཟློག་དང༌། ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ལ་བླ་མེད་རྒྱུད་སྡེ་ཆེན་པོ་བདུན་གྱི་དཀྱིལ་འཁོར་སྒྲུབ་མཆོད་གཏོང་བའི་རྡོ་རྗེ་སློབ་དཔོན་གྱི་གཙོ་བོར་མཛད་ཅིང༌། རྗེ་བཙུན་གོང་མ་ལྔ་ཡི་གསུང་པོད་ཀྱི་ལྗགས་ལུང་གནང༌། འཇམ་དབྱངས་བླ་མའི་ཞབས་པད་བསྟེན་པ་ལ་ཉིན་གཅིག་གིས་སྔ་ཕྱི་ཡོད་པའི་ཐུགས་འདུན་གཡོས་ཏེ་ས་ཟླའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས་ལ་བཏེག་ནས་སྨད་ཤོད་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་ཕེབས། དེའི་སྔོན་ལ་འཇམ་དབྱངས་བླ་མའི་ཞལ་རས་མཆོག་དམན་སུས་ཀྱང་མཇལ་བའི་སྐལ་བ་མ་ཐོབ་ནས་ཞག་གི་ཕུང་པོ་གསུམ་ཙམ་སོང་ནས། རྗེ་འདི་ཕེབས་པའི་ཕྱི་ཉིན་ཉིད་དུ་དགོངས་པ་ཆེད་གཏད་ཀྱིས་བཅད་རྒྱ་དཀྲོལ་ཏེ། ཁར་སོར་ངོར་པ་དཔོན་སློབ་འདི་ན་ཕེབས་ཡོད་གྲགས་པས། དེ་རིང་མཇལ་ཕྲད་དགོས། ཁྱེད་རང་ཕེབས་བསུ་ལ་སོང་ཞིག་ཅེས་ཉེར་གནས་ལ་བཀའ་གནང་ནས་བཏང་བྱུང་བ། དེ་འཕྲལ་ཉིད་དུ་བྱོན་པས། རྗེ་བླ་མ་དབང་ཁང་གི་སྒོ་འགག་ཏུ་སྦྱར་སྤོས་རེང་བུ་མེ་སྦར་བ་མང་ཞིག་ཕྱག་ཏུ་འཛིན་ཏེ་བྱོན་དགྱེས་ཉམས་ཆེན་པོའི་ངང་ནས་ཕྱག་ལ་ཕྱག་ལེན་གནང༌། དེའི་ཚེ་འཛུམ་ཞལ་ཟླ་ཤེལ་དབང་པོ་ལས་གསུང་སྙན་བདུད་