[A:༢༧༠]རྩིའི་ཐིགས་པ་ཐུགས་ཀྱི་ཀུ་མུད་དུ་ལྷུང་བ་ཙམ་གྱིས་སྔོན་མེད་རབ་དགའི་འདབ་རྒྱ་ཕྱོགས་མེད་དུ་གྲོལ་ནས་འཇིག་རྟེན་ལས་འདས་པའི་སེམས་གསར་དུ་རྙེད་པ་དག་ལའང་དེ་ལས་ལྷག་པ་མེད་དམ་སྙམ་པ་བྱུང་ངོ་གསུངས། དུས་དེ་ཉིད་དུ་སྔར་དག་པའི་སྣང་ངོར་གཟིགས་པའི་བླ་མ་བྱིན་རླབས་ཀྱི་ཟིལ་དང་ལྡན་པ་དེ་ནི་འདི་ཁོ་ན་ལགས་སོ་སྙམ་པའི་ངེས་ཤེས་འཁྲུངས། གཞན་རྐྱེན་གྱིས་གཡེང་བ་གང་གིས་ཀྱང་མི་སྐྱོད་པའི་ཏིང་ངེ་འཛིན་བདེ་བས་རྒྱན་པ་ཞིག་གི་ངང་དུ་གནས་པ་བྱུང་ངོ་གསུངས། སྔ་ནས་འདྲིས་ཟབ་ཆེ་བའི་ཚུལ་ལྟར་གསུང་ཞལ་འཕྲོས་ལྷུག་པར་གནང་ཞིང༌། དེ་ནས་བཟུང་སྟེ་ལུགས་གཉིས་ཀྱི་བྱ་བ་ཆེ་ཕྲ་ཐམས་ཅད་ལ་ཡབ་སྲས་བཞིན་དུ་བསླབ་སྟོན་མཛད་པ་ཡིན་ཅེས་གསུངས། ཡར་ཞུ་ཕུལ་རྒྱུ་ནི་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་གཙོ་བོར་གྱུར་པའི་སྨིན་གྲོལ་རྒྱ་མཚོའི་བཀའ་མ་ཐོབ་པ་ཐམས་ཅད། ཚད་མེད་ཐུགས་རྗེའི་གན་མཛོད་འགྲོ་བ་ལྷ་མི་ཀུན་གྱི་བསོད་ནམས་ཀྱི་བགོ་སྐལ་རྒྱུན་ཆད་མེད་པར་འཇོ་བ་དེ་ལས། བཀའ་དྲིན་རིན་པོ་ཆེ་ཏོག་གི་བློ་གྲོས་སྤྱི་བོའི་གཙུག་ཏུ་རྩོལ་ཐུབ་པ་ཞིག་མཁྱེན་མཁྱེན། ཞེས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་ལ། བསླུ་མེད་གསུང་གི་ཆོས་དུང་དགེ་བའི་ཕྱོགས་སུ་འཁྱིལ་བའི་ཁོང་ནས་དེ་བཞིན་རིམ་གྱིས་འབྱུང་བའི་སྒྲ་དབྱངས་སྙན་པོའི་དོ་ཤལ་སྙན་དབང་རྣམ་པར་མཛེས་པའི་རྒྱན་དུ་གསོལ་ལོ། །དེ་ཙམ་ན་དབྱར་ཟླ་ར་བའི་ཡར་ཚེས་དགའ་བ་དང་པོ་ལ། ཚེ་དང༌། བློ་གྲོས་དང༌། ཕྲིན་ལས་ཀྱི་ཆུ་གཏེར་རྒྱས་པའི་དཔལ་དུ། ལྷག་པའི་ལྷ་མཆོག་བདུད་རྩིའི་ལང་ཚོ་ཅན་རྣམ་པ་གསུམ་