R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༦༨
[A:༢༦༨]ས་ཕྱོགས་འདི་ཐམས་ཅད་འབུར་ཉག་མཐོ་དམན་མེད་པ་ཐང་ཆེན་བདེ་འབྱམས་ལྟ་བུ་ལ་དཀར་ལྷམ་མེ་བའི་མདངས་དང་ལྡན་པ་ཞིག་རྨིས་སོ། །དེ་གང་ཡིན་རིམ་གྱིས་བརྟག་པར་བྱ་དགོས་སོ་ཞེས་གནང་བ་ལ། དེ་དུས་ཕྱོགས་དེར་བླ་མ་གཞན་པ་བྱོན་ཕེབས་བཞུགས་གསུམ་མ་བྱུང་ཞིང༌། རྗེ་འདི་ཉིད་ཕེབས་པ་དང་དུས་སྐབས་འགྲིག་པ་བྱུང་བ་ན། རྣལ་འབྱོར་པ་དེ་ཉིད་བུག་སྒོ་འདམ་སྦྱར་བསལ་ནས་ཆོས་བཀའ་འགའ་ཞིག་གསན་པར་མཛད་ཅིང་བསྟན་པ་དཀར་འབྱམས་མཛད་མཁན་ཞིག་འོང་བར་ཐག་བཅད། དུས་ཕྱིས་ཕྱོགས་དེར་ཀུན་བཏུས་རྣམ་གཉིས་གཙོས་པའི་ཆོས་འཁོར་ཆེན་པོ་ལན་བཞི་ཙམ་བསྐོར་བ་ལ་སྔ་མའི་རྨིས་ལྟས་དང་མཐུན་ནོ་ཅེས་བརྗོད་པའང་བྱུང་ངོ༌། །ཆོས་སྡེ་དེ་ཉིད་དུ་གཞི་གསུམ་གྱི་ཕྱག་ལེན་གསར་སྤེལ་དང༌། རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་འཇུག་པའི་ཞལ་ཁྲིད་ཟབ་རྒྱས་གནང༌། གྲའུ་དཔོན་ཚང་གི་ཕོ་བྲང་དུ་བཞུགས་སྐབས་ཤིག་ལ། ཁང་པའི་རབ་གསལ་ནང་ནས་ལག་པ་ནག་པོ་ཞིག་རིང་དུ་བརྐྱང་བྱུང་བ་ལ། དེ་བར་ཆད་རེག་གོ་ཟེར་བའི་སྒྲ་ཞིག་གྲགས་པ་དང་ལྷན་ཅིག་རང་གི་ཐུགས་ལའང་དེ་ལྟར་ཡིན་འདུག་སྙམ་དུ་དགོངས་ནས། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཞེས་པའི་གསུང་སྐད་ལན་གཅིག་ཕྱུང་བ་ན་རང་གི་སྐུ་ལས་མེ་ལྕེ་དམར་ལྷབ་འཕྲོས་ཏེ་ལག་པ་དེ་སྐད་ཅིག་གིས་ཚིག་སོང་བ་དང༌། ད་ནི་བར་ཆད་ལས་གྲོལ་ལོ་སྙམ་དུ་ཐུགས་བདེ་འབོལ་ལེ་སོང་ཞིང༌། འོ་ཅག་དངོས་གྲུབ་ཀུན་གྱི་རྩ་བ་བླ་མའི་བཀའ་བསྒྲུབ་པ་ལ་བགེགས་དང་བར་ཆད་ཡོད་ནའང་མི་ཚུགས་པ་འདྲའོ་གསུངས། དེ་ནས་རིམ་