[A:༢༧༤]གྱིས་བརླབས་པར་མཛད་དོ། །ཡང་ཆོས་རྗེ་ཁུ་དབོན་གཉིས་ཀྱིས་ཞབས་པད་བཀོད་དེ་བྱིན་གྱིས་བརླབས་པའི་ས་ཕྱོགས་འཛིན་རྣམ་རྒྱལ་མགོན་ཁང་དང་འདབ་འབྱོར་པའི་དགོན་གནས་དཔལ་རྫོང་དང༌། ཨོ་རྒྱན་ཞལ་ཚབ་རིག་འཛིན་ཉི་མ་གྲགས་པས་ས་གནད་མེ་བཙའ་བཏབ་པའི་སྟག་མོ་དགོན་གཉིས་ཀར། རྒྱལ་བཀའ་གངས་ཅན་བརྡ་འགྱུར་ཡོངས་རྫོགས་ལྗགས་ལུང་གནང་ཞིང༌། དེ་སྐབས་བར་ཆད་ཀྱི་རྣམ་པས་སྐུ་ཁམས་རྙོག་ཚུལ་བསྟན་པ་ན། རྗེ་མཁྱེན་བརྩེའི་དབང་པོ་མངོན་སུམ་བྱོན་ནས་བྱིན་རླབས་གནང་བའི་གཟིགས་སྣང་ཤར་བས་འབྱུང་འཁྲུགས་ཀྱི་བར་ཆད་ལས་གྲོལ་ནས་ཐུགས་བཞེད་མཐར་ཕྱིན་པར་གྱུར་ཏོ། །རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་དེ་ཉིད་དུ། རྗེ་འཇམ་དབྱངས་བླ་མས་བཀའ་ཕེབས་ཏེ། བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བདུན། ངོར་ཆེན་ཡབ་སྲས་ཀྱིས་སྒྲུབ་མཆོད་ཆབས་ཅིག་གནང་བའི་ཕྱག་རྒྱུན་ཅན་དེ། དབང་བཀའ་ཚད་ལྡན་གནང་བས། རྗེ་བླ་མའི་ཕྱག་ནས་སྐུ་གསུང་ཐུགས་རྟེན་དང༌། དངོས་པོ་གྱ་ནོམ་པ་མང་པོའི་གནང་སྦྱིན་མཛད་དེ་ལེགས་སོའི་མེ་ཏོག་འཐོར། དགོན་དེའི་གཙུག་ལག་ཁང་རྙིང་སྐྱོན་ཆེ་བས་གསར་བསྐྲུན་བགྱིད་འདུན་གྱི་བླ་གྲྭ་རྣམས་ནས་བཀའ་འདྲི་ཞུས་པ་ལའང༌། ངོར་པ་དཔོན་སློབ་འདི་ལྟ་བུའི་ཐོག་མ་ཉིད་ནས་ཆོས་སྐྱོང་ལ་གནང་བ་ཞུ་བ་དང་རྗེས་སུ་འབྲེལ་བའི་སྤོ་ཆོག་དང་སྐབས་སུ་གང་བབས་ཀྱི་རིམ་གྲོ་གནད་དུ་སྨིན་པ་ཞིག་མ་བྱུང་ཕྱིན་འཚུབས་འགྱུར་འདྲ་ཅི་འོང་ཚོད་མི་ཟིན་པས་ཁོང་ལ་ཞུ་བསྐུལ་གྱིས་གསུངས་པ་ལྟར་བླ་གྲྭ་རྣམས་ཀྱིས་རེ་ལྟོས་བཅས་དོན་ལྟར། རྡོ་རྗེའི་ཆོས་སྲུང་ཆེན་