R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༣
[A:༢༧༣]བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་གངས་ཅན་པའི་སྐད་དུ་འགྱུར་རོ་ཅོག་གི་ལྗགས་ལུང་གསན། ཕྱིས་སུ་འདི་སྐད་གསུངས་ཏེ། ངོ་ཅག་སྐལ་བ་རེ་བཟང༌། རྗེ་བཀའ་དྲིན་ཅན་དེའི་ལྗགས་ལུང་གསལ་ལ་དག་པ་སྐབས་ཕྱེད་པ་གསུངས་པ་ཐམས་ཅད། དད་བློ་བརྟན་པོས་ཡེངས་མེད་དུ་གསན་པས། དེ་དུས་བསོད་ནམས་བསགས་པ་ཙམ་ནམ་ཡང་འབྱུང་བར་དཀའ་གསུངས། དེ་ནས་འཇམ་དབྱངས་བླ་མའི་ཞབས་པད་རྒྱུན་བསྟེན་དུ་བཞུགས་ནས་ཆོས་བཀའ་གང་གནང་བ་ཐམས་ཅད་གསན་ཅིང༌། སྔ་ཕྱི་ཀུན་ཏུ་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཁོ་ནའང་ལན་གྲངས་བཅུ་གཅིག་ཙམ་ཐོབ་བོ་གསུངས། ཡང་དུས་སྐབས་གཞན་ཞིག་ཏུ་རྗེ་བླ་མའི་བཀའ་སྩལ་གུས་འདུད་ཀྱིས་ཁྲོམ་ཐར་ཕྱོགས་སུ་ཕེབས་ཏེ། གཞི་གསུམ་ཆོ་ག་གསར་འཛུགས་ཀྱི་ཕྱག་ལེན་མཛད། འདུས་པ་བརྒྱ་ཕྲག་མང་ཙམ་ལ་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བཤད་ཚུལ་གཉིས་པའི་ལུགས་ལྟར་ལ་ཕྱག་ལེན་གྱི་ཁྱད་དང་ལྡན་པ་ཟླ་བ་བཞིའི་བར་དུ་གནང་བར་མཛད་ཅིང༌། དུས་དེར་བུ་སློབ་བརྒྱ་ཕྲག་ཁ་ཡར་གྱིས་དཔལ་དགྱེས་པ་རྡོ་རྗེའི་གཞིའི་བསྙེན་པ་མཐར་ཕྱིན་པའི་དམ་བཅའ་ཕུལ། དེ་ལྷག་ཐམས་ཅད་ཀྱིས་ལམ་དུས་དབང་བཞི་རྒྱུན་ཆགས་སུ་ལེན་པའི་གཡར་དམ་བརྟན་པོ་བཅས་པ་དེ་དག །ཀུན་མཁྱེན་འཇམ་དབྱངས་བླ་མ་ལ་སྒྲུབ་པའི་མཎྜལ་དམ་པ་དགེས་པའི་མཆོད་སྤྲིན་དུ་ཕུལ་ཤིང༌། ཟུང་འཇུག་རྡོ་རྗེའི་རྒྱལ་སར་ཕྱམ་གཅིག་ཏུ་བགྲོད་པའི་བདེན་ཚིག་གིས་བྱིན་