[A:༢༧༥]པོ་རྣམས་ལ་མཆོད་གཏོར་སྔོན་དུ་འགྲོ་བས་གནང་བ་ཞུས་ཤིང་རྟེན་སྤོ་འཇོག་དང༌། མི་དང་མི་མིན་རྣམས་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་འབོག་སྟེ་རྒྱུད་བྱིན་གྱིས་བརླབས་ཤིང༌། ཐོག་མཐའ་བར་གསུམ་དུ་དགེ་བའི་མེ་ཏོག་རྣམ་པར་བཀོད་པས་འཚུབས་འགྱུར་དང་བྲལ་བར་གྱུར་ཏོ། །མདོ་སྨད་ཀྱི་ལྗོངས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་དེ་ཕན་ཆད་ཀྱི་འབུལ་བ་བསྙེན་བཀུར་གྱི་དངོས་རྫས་གང་བྱུང་བ་ཐམས་ཅད་རྗེ་རང་གི་སྐུ་མཆེད་དཔལ་ལྡན་གྲགས་པ་དབུས་གཙང་ཕྱོགས་སུ་ཆེད་མངགས་མཛད་དེ། དབུས་ཀྱི་ཇོ་ཤག་རྣམ་གཉིས་དང༌། གཙང་གི་གདན་ས་གོང་འོག་གཉིས་གཙོ་བོར་གྱུར་པའི་རྟེན་གསུམ་རབ་འབྱམས་རྒྱ་མཚོའི་མདུན་དུ་མཆོད་འབུལ་རྒྱས་སྤྲོས་དང༌། བླ་མ་དགེ་འདུན་འདུས་པའི་ཚོགས་ལ་བཀུར་སྟི་ཕུན་སུམ་ཚོགས་པ་བསྒྲུབས་ཏེ། འཇིག་རྟེན་པའི་སྒྱུ་མའི་ནོར་རྫས་སྙིང་པོས་དབེན་པའང་སྙིང་པོ་མཆོག་གི་དཔལ་དུ་བསྐྲུན་པར་མཛད་དོ། །སྐབས་ཤིག་ཏུ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ། མི་ཡི་གཟུགས་སུ་བསྟན་ཙམ་གྱི་མཆོག་སྤྲུལ་རིན་པོ་ཆེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་རྗེ་མཁྱེན་བརྩེའི་དབང་པོའི་སྐུ་མདུན་དུ་རྗེ་འདི་ཉིད་གདན་དྲངས་ཏེ། དཔལ་གྱི་རྔ་བོ་ཆེ་ལས་འདི་སྐད་ཅེས་བསྒྲགས་སོ། །ཀྱེ་མ་སྙིགས་མའི་སྐྱེ་རྒུ་གདུལ་དཀའ་བ། །མཐུ་སྟོབས་མཚུངས་པ་མེད་པས་རྗེས་སུ་བཟུང༌། །བཀའ་དྲིན་གསེར་གྱི་ལྷུན་པོ་བྱེ་བ་བརྒྱ། །བརྩེགས་པའི་གཟི་བརྗིད་མི་མཇེད་ཞིང་ན་འབར། །དོན་ཀུན་འགྲུབ་པའི་ཐུགས་རྗེའི་རྩལ་ཆེན་དང༌། །མི་འཇིགས་