R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༤
[A:༢༨༤]སྒྲུབ་ཐབས་དཀྱིལ་ཆོག །དབང་ཆོག་དང་བཅས་པ་ལ་གསལ་བྱེད་ཞུ་དགོས་པ་དང༌། སོགས་ཁོངས་ཕུད་དགོས་པ་དང༌། གོ་རིམ་སྡེབ་དགོས་པ་བཅས་ཀྱི་དཔེ་ཚེམ་སུམ་བརྒྱ་དང་གསུམ་ཙམ་གསར་དུ་སྤེལ་རྗེ་བླ་མ་མཁྱེན་བརྩེའི་ཞལ་ནས་ལམ་འབྲས་གཙོ་བོར་གྱུར་པའི་ཁྲིད་བཀའ་འདི་དང་འདི་རྣམས་གཞུག་པར་འོས་སོ་ཞེས་ཁྲིད་ཡིག་སོ་སོར་སྩལ་བ་བཞིན་དུ་ཕྱོགས་གཅིག་ཏུ་བསྒྲིགས། སྤྱི་བཀའ་རྡོ་རྗེ་ཕྲེང་བ་བྲང་ཏི་པཎ་ཆེན་པའི་ཡིག་ཆ་འདི་ཉིད་བཞག་ནས། དེའི་ཆོག་ཁྲིད་སྒྲུབ་ཐབས་རྒྱ་མཚོ་འདིའང་འཛུགས་ན་ལེགས་སོ་གསུངས་པ་ལ། རྗེ་བླ་མས་བཀའ་གང་གནང་ལས་རང་འདོད་ཀྱིས་ཞུ་རྒྱུ་མེད་ཀྱང་འདིར་རྗེས་གནང་གི་རིགས་རྣམས་བསྡུ་བའི་ཆགས་འཇོག་ཐོག་མ་ནས་མ་བྱས་ལགས་སམ། ཞུས་པས། དེ་འདྲ་ཡིན་མོད། བྲང་ཏི་པཎ་ཆེན་པའི་ཡིག་ཆ་འདི་གཉིས་ཕྱོགས་གཅིག་བཞུགས་པ་ཞིག་བྱུང་ན་ལེགས། ཁྱེད་རང་གི་བསྟན་བཅོས་ཁྱེད་རང་གི་བདག་པོ་བྱེད་མི་དགོས་པ་ཨེ་ཡིན། རྟེན་འབྲེལ་གྱི་གནད་ཆེ་བ་ཞིག་འདུག་གསུངས། དེ་སྐབས་འཆི་མེད་ཚེའི་དབང་ཟབ་བཅུ་ཕྲག་བདུན་ལ་ལྔས་ལྷག་པ་ཞིག་བསྐུར་ནས་ཕྱག་གི་ཚེ་བུམ་ཚེ་རྫས་དང་བཅས་པ་རྗེ་འདི་ལ་སྩལ་ནས། བྲང་ཏི་ནམ་མཁའ་དཔལ་བཟང་དགུང་ལོ་བདུན་ཅུ་དོན་ལྔ་བཞུགས་པ་ཡིན། ཁྱེད་ཀྱང་དེ་ལྟར་བཞུགས་པར་མཛོད་ཅིག་གསུངས། གཞན་ཡང་བླ་མ་ཡི་དམ་ཆོས་སྐྱོང་གི་ཚོགས་རྣམས་ཐུགས་རྒྱུད་བསྐུལ་བ་དང་འབྲེལ་བའི་སྒོ་ནས་རྒྱལ་བསྟན་སྙིང་པོ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་སྨིན་གྲོལ་