R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༥
[A:༢༨༥]ཟབ་མོའི་བཀའ་གསང་རྨད་དུ་བྱུང་བ་འདི་ཉིད་མི་ནུབ་པའི་མཛད་ཕྲིན་རླབས་པོ་ཆེ་སྐྱོང་བ་ལ། འགལ་རྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་ཞིང༌། ཐུགས་བཞེད་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པའི་ཆེད་དུ་བྱིན་རླབས་དང་དངོས་གྲུབ་རྒྱུན་མི་འཆད་པར་འཇོ་བའི་ཐུགས་སྨོན་བདེན་ཚིག་གི་ལམ་དུ་དྲངས་པ་ཞིག་གནང་བའི་མོད་ལ། བྱ་བ་རླབས་ཆེན་གྲུབ་ཟིན་པ་ལྟ་བུའི་དགྱེས་ཚོར་དང༌། སྔར་དག་སྣང་གིས་མཇལ་བ་དང༌། དངོས་མཇལ་ཐོག་མའི་སྐབས་དང་འདྲ་བའི་ཉམས་མྱོང་བརྗོད་དུ་མེད་པ་དེའང་སྟོབས་བསྐྱེད་པ་དང་རྩལ་འཕེལ་བ་ལྟར་གྱུར་པ་དངོས་ཤུགས་ཀྱིས་གསལ་བར་བསྟན་ཏོ། །ཇི་སྐད་དུ། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །རི་དབང་རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བ་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །ཅེས་གསུངས་པ་ལྟར། ཐར་རྩེ་རྡོ་རྗེ་འཆང་དང༌། རྫོགས་པའི་སངས་རྒྱས་མཁྱེན་བརྩེའི་ཞབས་ཀྱི་བཀའ་དྲིན་དང་ཐུགས་བསྐྱེད་ལ་བརྟེན་ནས་གང་ལྟར་བྱས་ཀྱང་བདེ་བ་དང༌། ཇི་ལྟར་བྱས་ཀྱང་བསྟན་པ་ལ་ཕན་པའི་ཐབས་ཚུལ་ལྷུར་ལེན་དགོས་པ་འདི་བྱུང་བ་ཡིན། ཁྱེད་རང་རྣམས་ནས་སྣ་ཐུང་དང་གསུང་རྒྱུ་མང་བ་དང༌། དྲན་རྒྱུ་མང་བ་འདི་འདྲ་མ་བསམས་ཤིག་དང༌། ང་ལ་བསམ་པ་ངན་པ་རྩ་བ་ནས་མེད་པས། ཁྱེད་རང་དག་གནས་སྐབས་མཐར་ཐུག་ཅིའི་སྐབས་ལས་བབས་ཀྱང་ལོག་པའི་གནས་ལ་མི་སྦྱར་ངེས་ཅན་ཡིན་གསུང་པའང་སྐབས་འགའ་རེར་གནང༌། དེ་ནས་ཡིག་ཚོགས་གྲངས་མང་