R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༣
[A:༢༨༣]སོ། །དབང་བཀའ་རེ་ཙམ་ཐོབ་མི་ཐོབ་ཀྱི་ཐེ་ཚོམ་ཤར་ཚེ་གསོལ་བ་ཐུགས་ལ་མི་འཕྲོད་པ་དང་སྐུ་ཁམས་རྙོགས་པའི་ཐུགས་ངལ་ཆེན་པོ་བཞེས་ཏེ་གསན་པ་མཐར་ཕྱིན་པར་མཛད། དེ་ནས་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་འདི་ཉིད་བཀའ་འདྲི་ཞུ་བའི་ཡུལ་ཡོད་བཞིན་ཏུ་བདག་གིས་ཉིན་མཚན་བར་མེད་དུ་བརྩོན་པར་མ་བྱས་ན་ནམ་ཞིག་འགྱོད་པའི་དུས་ཤིག་འོང་བ་གདོན་མི་ཟ་བས་ད་ནི་སྟེང་ནས་གནམ་རྡོ་ལྷུང་བ་དང་འོག་ནས་ཆུ་ཐན་བརྡོལ་བར་གྱུར་ཀྱང་ལས་སུ་བྱ་བ་དེ་ལས་ལྡོག་པར་མི་བྱའོ་ཞེས་དམ་བཅའི་གོ་ཆ་བཞེས་ནས་རྗེ་ཉིད་དགུང་གྲངས་སོ་དྲུག་པར་ཆུ་རྟ་ལོར་གཟའ་སྐར་སྦྱོར་བ་ལེགས་པའི་ཉིན་ཞིག་ལ་རྒྱུད་སྡེའི་ཆོག་ཁྲིགས་ཀྱི་དབུ་འཛུགས་པར་མཛད་དོ། །དུས་དེ་ཉིད་ནས་བཟུང་སྟེ། ཐུགས་དམ་ཉམས་བཞེས་དང༌། དབང་ཆོས་གསན་སྐབས་མ་གཏོགས་པ་ཐུགས་བརྩོན་ཆུ་བོའི་རྒྱུན་བཞིན་དུ་བསྐྱེད་དེ་རྒྱུད་སྡེ་སོ་སོའི་བཀའ་བབས་བརྒྱུད་ལྡན་གྱི་བླ་མ་དམ་པ་གང་དག་བཀའ་སྲོལ་གང་ཡིན་པ་དེ་ལ་ཚད་མར་བྱ་བའི་འོས་སུ་གྱུར་པ་དེའི་ཡིག་རྙིང་ཁུངས་ཐུབ་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་དེ་ཁོ་ནར་གཞི་དང་རྩ་བ་སྲོག་ལྟར་བཟུང་སྟེ། དོགས་གནས་ཕྲན་བུ་ཚུན་ཆད་རྗེ་འཇམ་དབྱངས་བླ་མ་ལ་བཀའ་འདྲི་དོགས་སེལ་ཞུས། གོ་རིམ་ཙམ་ཡང་བླ་མའི་བཀའ་དང་མི་འགལ་བར་བྱས་ཏེ་བསྒྲིགས་པ་ཡིན་མ་གཏོགས། རང་བློ་རང་གིས་ཚད་མར་བྱས་ཏེ་བྱ་བ་སྣེ་གཅིག་བརྩམས་པ་མེད་ཅིང་བདག་ལྟ་བུས་དེ་འདྲ་བྱེད་ག་ལ་སྤོབས་གསུངས་ཏེ་ཐུགས་ཉམས་ཆུང་བའི་ཚུལ་མཛད། དེ་ལྟ་བུས་