R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༦
[A:༢༨༦]བ་འདི་དག་གཅིག་ལས་དུ་མ་རྒྱུན་ཆད་མེད་པ་འབྱུང་བ་ལ་པར་གྱི་འཕྲུལ་ཐབས་དགོས་ཤིང༌། དེ་ལ་དངོས་རྫས་སྟོབས་ཆེ་བ་མེད་ན་མི་འབྱུང་བས་ཡབ་སྲས་བཀའ་མོལ་མཛད་དེ། ཐོག་མར་ཡིད་ལྷུང་ཕྱོགས་སུ་དབྱར་བསོད་ལ་ཕེབས་ཏེ་དཔོན་ཚང་གི་གདན་འདྲེན་ཞུས་པའི་ལམ་བར་བཞུགས་སྒར་དང་ཉེ་བའི་ཕྱོགས་ཞིག་ཏུ། གློ་བུར་དུ་སྤྲིན་ནག་འདུས་ཤིང་འབྲུག་སྒྲ་དྲག་པོ་རྣ་སྙིང་འགས་པ་ཙམ་དང་དྲག་ཆར་ཤུགས་ཆེན་པོ་བབས་ཏེ་གཟིམ་གུར་ནང་ཕེབས་ཐུབ་ཙམ་ན་གློག་ཞགས་འཁྱུག་པ་དང་བཅས་གནམ་ལྕགས་ཐོག་མདའ་གཟིམས་གུར་ལ་རྒྱབ་པས་གུར་ནང་མེ་ཟེར་གྱིས་ཁྱབ། དབུ་སྔས་སྟེང་དུ་ཐོག་ཆུ་མེ་འབར་བ་ཕོར་པ་གང་ཙམ་འཁྱིལ་ལི་ལི་འདུག་པ། རྗེ་ཉིད་ཀྱི་ཕྱག་གིས་བསྡུས་ནས་སྐུ་པང་དུ་བསྣམས་བཞིན་མཉམ་བཞག་མཛད་དེ་ཡུན་མི་རིང་བ་ཞིག་ལ་བཞུགས། ཕཊ་སྒྲ་ཆེན་པོ་གསུམ་གསུངས་ཤིང་ཞལ་འཛུམ་མུལ་ལེ་མཛད་ནས་ད་ལན་ལེགས་སོ་གསུངས། དལ་གྱིས་བཞེངས་ཏེ་ཉེར་གནས་ཁ་ཅིག་ཐོག་ཟེར་ཕོག་ནས་དྲན་མེད་དུ་འགྱེལ་བའི་རྩར་བྱོན་ནས་ལྗགས་ཆབ་འཐོར་ཞིང༌། མིང་ནས་བོས་ཏེ་ཡར་ལངས་ཤིག་གསུངས་པས། དེ་འཕྲལ་གཉིས་སད་པ་བཞིན་དུ་ཡར་ལ་ལྡང་ནུས་པར་གྱུར་ཏོ། །འོ་ཅག་རྣམས་སྒར་དང་པོ་གཏེགས་ནས་བཟུང་སྟེ། ཆོས་སྐྱོང་རྣམས་བྲེལ་བ་ཟིང་ཟིང་མཛད་འདུག་པ་ལ། རྒྱུད་སྡེ་ཟབ་མོ་འདི་རྣམས་ཧ་ཅང་བཀའ་གཉན་ཆེས་པས་མི་ལེགས་པ་ཞིག་འབྱུང་ནས་ལས་འཕྲོ་འཇོག་དགོས་པ་མ་ཡིན་ནམ་སྙམ་མོད། ད་ནི་གསང་