[A:༢༨༩]ཅིང་ལོ་རེ་རེ་བཞིན་ཏུ་ཕྱག་རྫས་ཀྱི་དངོས་པོ་གཙང་དག་ཏུ་རྟེན་བཞེངས་ལ་སྦྱོར་བར་མཛད་པས་རྒྱུད་སྡེའི་བཀའ་པོད་སུམ་ཅུ་དང༌། མཆན་འགྲེལ་སྐོར་དང༌། སྐྱེས་རབས་བརྒྱ་ལྔ་བཅུ་པ་དང༌། ཐོར་བུའི་སྐོར་འགའ་ཞིག་བཅས་པར་དུ་བསྐྲུན་པ་དང༌། དཀྱིལ་འཁོར་གྱི་བཀོད་པ་ལྷ་དང་བཅས་པའི་ཞལ་ཐང་སུམ་བརྒྱ་དང་བཅུ་ཕྲག་ལྷག་ཙམ་ལ་བཟང་གོས་སྤུས་ལེགས་ཀྱི་ཤན་དང་ལྡན་པ་དང༌། དཀྱིལ་འཁོར་གྱི་བྱ་བ་ལ་ཉེ་བར་མཁོ་བའི་ཡོ་བྱད་དང་བཅས་པ་དེ་དག་ཐམས་ཅད་ལ་རགས་བརྩིས་བྱས་པའི་དངུལ་སྲང་དྲུག་སྟོང་ལྔ་བརྒྱ་ཙམ་གྱི་གསོལ་ཡོན་སོང་ཞེས་གྲགས། པར་ཤིང་གི་སྣུམ་རྩིའང་མར་སྲང་བཅུ་ཕྲག་བདུན་ལས་ལྷག་ཙམ་གཏོང་ངོ༌། །འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་དྲུང་དུ་དབང་བསྐུར་གསན་སྐབས་ཕལ་ཆེར་གསེར་གྱི་ཚོམ་བུ་བཀོད་པའི་མཎྜལ་ཕུལ་བ་དང་ལོ་རེ་བཞིན་ན་བཟའ་སྤུས་ནམ་ལྡན་པ་རེ་སྐུ་ལ་གསོལ་བར་མཛད། ཕྱོགས་ཀུན་ནས་འདུས་པའི་བུ་སློབ་མཁས་གྲུབ་དགེ་བའི་བཤེས་གཉེན་གང་དག་མཆིས་པ་རྣམས་ལ་རྗེ་རང་གིས་བསྙེན་བཀུར་ཞུས་ཏེ་གསར་རྙིང་བཀའ་གཏེར་སོ་སོའི་ལུགས་ལྟར་འཆི་མེད་ལྷ་མཆོག་རྣམས་ཀྱི་སྒྲུབ་མཆོད་ཟབ་རྒྱས་སྔོན་དུ་འགྲོ་བས་འཇམ་མགོན་བླ་མའི་སྐུ་ཚེ་བརྟན་བཞུགས་ཀྱི་ཆོ་ག་ཡང་ཡང་བསྒྲུབས། མདོར་ན་རང་གི་སྐུ་སྲོག་གླུད་དུ་གཏོང་བའི་བར་དུ་མཉེས་པ་གསུམ་གྱི་བྱ་བ་ཁོ་ནར་བརྩོན་པ་ལས། མི་དགྱེས་པའི་བྱ་བ་སྐད་ཅིག་ཀྱང་མི་འབྱུང་བར་མཛད། དེ་ལ་བརྟེན་ནས་མཁྱེན་རྟོགས་ཀྱི་རྩལ་ཆེན་ཡོངས་སུ་རྫོགས་པ་གང་ཞིག་ཕལ་པའི་བློ་ཡིས་དཔག་པ་ནི་ནམ་མཁའ་ལ་ལག་