R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༨
[A:༢༨༨]གཏུམས་པ་དེའང་རྗེ་མཁྱེན་བརྩེའི་ཞབས་ལ་གཟིགས་འབུལ་ཞུས་པ་ཡིན་ཅེས་གྲགས། དེ་ནས་བཟུང་སྟེ་དང་པོ་ཆོས་སྦྱིན་མི་ཟད་པའི་སྒོ་འཕར་འབྱེད་པ་དང༌། བར་དུ་སྒྲུབ་པ་ཉམས་བཞེས་ཀྱི་ཐུགས་ཀྱི་བུམ་བཟང་བསྟི་བ་དང༌། ཐ་མལ་སྐལ་ལྡན་གྱི་སྣོད་དུ་སྤེལ་བའི་སྐབས་རྣམས་སུ་བགེགས་དང་བར་ཆད་ཀྱི་གླགས་བལྟ་བ་དང་སྐབས་ཚོལ་བའི་གནས་འདི་དང་འདིའོ་ཞེས་བརྗོད་རྒྱུ་ཡོད་པ་སྣེ་གཅིག་མ་བྱུང་བས་ན་ལྐོག་གྱུར་ཐམས་ཅད་མཁྱེན་པ་ཞིག་ཡིན་པའི་ངེས་ཤེས་ཡང་ཡང་སྐྱེས་སོ་ཞེས་ཆ་རྒྱུས་ཡོད་པ་འདྲིས་ཡུན་རིང་བ་དག་གིས་གཅམ་བུ་མིན་པར་བརྗོད་ཅིང༌། དེ་ཙམ་དུ་མ་ཟད་རང་གཞན་བུ་སློབ་རྣམས་ཀྱི་ཤེས་རིག་གི་བྱེད་པ་ཆོས་སུ་འགྲོ་བ་དང་མི་འགྲོ་བའི་ཁྱད་དང༌། ལྐོག་ཏུ་དགེ་སྦྱོར་ལ་བརྩོན་པ་དང་མི་རྩོན་པའི་ཁྱད་དང་ལབ་བརྗོད་བཟང་ངན་ཅི་བྱེད་རྣམས་ཀྱང་སྒྲིབ་ཐོགས་མེད་པ་མཁྱེན་ཚུལ་གསལ་བར་གསུངས་པའང་རང་གཞན་ཀུན་ལ་མཐོང་ཐོས་སུ་གྱུར་པ་མང་ངོ༌། །མེ་ཕག་ལོར་སྐྱེ་རྒུ་དོན་གྲུབ་གླིང་དུ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཚེས་ཆར་ཕབས། དེ་ནས་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་ཕུང་པོ་དེ་ཉིད་རྒྱུན་ཆད་མེད་པ་འདོད་འཇོའི་བུམ་པ་བཟང་པོ་ལྟ་བུ་པར་དུ་འགོད་པའི་ཆེད་དུ། ཡིག་བྲིས་པ། ལྷ་རིས་པ། ཞུ་དག་མཁན། ཤིང་བཟོ་བ། པར་བརྐོས་བཅས་ལས་བྱེད་བརྒྱ་ཕྲག་གཅིག་ལས་ལྷག་ཙམ་བསགས་ནས་ཟླ་བ་དྲུག་གི་ཕོག་ཆས་ཚུལ་བཞིན་སྤྲོད་དེ། ཧོར་ཟླ་གསུམ་པ་ནས་བརྒྱད་པའི་མཇུག་གི་བར་དུ་ལས་སུ་བཅོལ་ཏེ་གླ་རྔན་དཔའ་དར་གསོལ་རས་ཀྱིས་མགུ་བར་བྱས་ནས་རང་གནས་སུ་གཏོང་བ། དེ་འདྲ་ལོ་ངོ་དྲུག་གི་བར་དུ་མཛད་