[A:༢༩༠]ཚད་བྱས་པ་དང་ཁྱད་ཅི་ཞིག་ཡོད། ཀུན་གསལ་ནོར་བུའི་སྣང་བ་འབྱུང་བྱའི་གཟུགས་འཛིན་གྱི་སྐལ་བས་མ་ཆུན་པ་བཞིན་དུ། སྐལ་དམན་འགའ་ཞིག་ལ་ཉེས་སྤྱོད་ལས་ལྡོག་པའི་གསུང་ཚིག་གི་སྦྱོར་བ་ཟིལ་དང་ལྡན་པ་གཏོང་བས། ལས་ངན་གྱི་ནད་རོ་འཕར་ལྡང་བྱེད་པ་བཞིན་གྱུར་ཏེ། མ་མཁས་སོ། །མ་གྲུབ་བོ། །བརྗོད་པའང་འགའ་ཞིག་མཆིས། གྭ་གུ་བྱང་ཆུབ་ཤིང་གི་ནགས་ཁྲོད་སོགས་བསམ་གཏན་གྱི་མལ་དུ་འཛིན་མེད་མཐའ་བྲལ་ཆེན་པོའི་ཀློང་ནས་བཀྱེས་པའི་རྣམ་དག་ལྷ་ཡི་དགའ་མ་རྡོ་རྗེའི་མཚར་སྡུག་ངོམ་པ་དང་ལྷན་ཅིག་རྣལ་འབྱོར་ཟབ་མོས་རྩེ་བཞིན་ཡུན་རིང་དུ་བཞུགས། བར་སྐབས་ཞིག་འཇམ་དབྱངས་བླ་མའི་སྤྱན་སྔར་ཕེབས་ཏེ། རང་གི་མངོན་པར་རྟོགས་པ་ལས་བརྩམས་པའི་ཞུ་འབུལ་མཛད་པ་ན། ཀུན་མཁྱེན་དགྱེས་པའི་བཞད་སྒྲ་འཆི་མེད་རོལ་མོ་འབུམ་གྱིས་མི་མཚོན་པའི་དབྱངས་ལས་རྟོགས་པའི་དབང་ཕྱུག་གྲུབ་པའི་གཙུག་རྒྱན་གྱི་མངའ་གསོལ་ཆེ་བརྗོད་ཀྱི་སྙན་འགྱུར་དམ་པ། རྒྱལ་ཀུན་སྙན་གཅིག་རྡོ་རྗེ་འཆང་བ་གང་གི་སྙན་རྒྱུན་དུ་རབ་འཛེས་ནོར་བུའི་དོ་ཤལ་སྦུད་པ་བཞིན་དུ་འཕྱང་བས་རྟོགས་ཤིང་གྲུབ་པའི་གྲགས་ལྡན་ཕལ་ཆེ་ངོ་ཚའི་གནས་སུ་འཕང་ནས་སྤོབས་པའི་ངོ་གདོང་འོག་ནས་འོག་ཏུ་འདུད་དགོས་པར་གྱུར་ཏོ། །འོན་ཀྱང་རྗེ་འདི་ནི་རང་གི་ཡོན་ཏན་གྱི་ཆ་ཐམས་ཅད་མཛོད་ཕུག་གཅེས་ནོར་བཞིན་སྦེད་ཅིང་སྲུང་བ་ལ་མཐའ་གཅིག་ཏུ་གཞོལ་བ་ལས་གཞན་ལ་མི་གྲགས་པ་དང་མི་གཡེལ་བའི་ཐབས་ལྷུར་ལེན་པ་ཞིག་གོ །མཁས་པ་མཁས་པའི་མདུན་ན་མཛེས། །བླུན་པོས་མཁས་པ་