R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༩༣
[A:༢༩༣]པོས་ཞབས་པད་བསྟེན་ཅེས་གྲགས། ཡང་སྐབས་ཤིག་ན་རྗེ་རང་གི་ཉེར་གནས་ཀྱང་ཡུན་རིང་མྱོང་བའི་དགེ་སློང་དཀོན་རྒྱལ་ཞེས་པ་དེ་ཉིད། རང་གི་ཁྱིམ་གཞིས་སུ་ཡོད་སྐབས། གདོན་བགེགས་སྟོབས་ཆེན་མ་རུངས་པ་ཞིག་རྒྱུད་ལ་ཞུགས་ཤིང་འདྲེ་གདོན་གྱི་འདུ་ཤེས་ཅན་དུ་གནས་འགྱུར་ནས་གཏམ་དང་སྐད་ཆ་ངེས་མེད་སྣ་ཚོགས་བརྗོད་དེ། ང་ད་ནང་རྒྱ་གར་ནས་འོང་ངོ་ཟེར་བ་དང༌། ད་ནང་རྒྱ་ནག་ནས་འོང་ཟེར་བ་ལྟ་བུས་མཚོན་པའི་ཡུལ་ཐག་རིང་མང་པོ་ནས་མགྱོགས་པར་སླེབས་ཚུལ་དང༌། སྤྱོད་ལམ་མ་ངེས་པ་སྣ་ཚོགས་བྱེད་ཚུལ་སོགས་གླེང་ཞིང༌། ཧབ་རྒྱུག་བྱེད་ཤོར་བ་ལ་ཉེ་སྐབས་མི་ཤུགས་ཆེན་མང་པོས་བཟུང་མ་ཐུབ་པར། རྗེ་འདི་ཉིད་ཀྱི་ན་བཟའ་རྙིང་པ་ཞིག་སྟེང་ལ་འཕངས་པས་ཐག་པས་བཅིང་པ་བཞིན་གྱུར་ཏོ། །བླ་མ་ཆེན་པོ་འགའ་ཞིག་དང༌། བླ་མཆོད་མང་པོས་གཏོ་བཅོས་རིམ་གྲོ་གང་ཟབ་བསྒྲུབས་ཀྱང་ཆེར་ཕན་བསྐྱེད་མེད་སྐབས། རྗེ་འདི་ཉིད་ཀྱི་བཀའ་ལས། ད་གཟོད་ཞག་བདུན་ནང་འདིར་སླེབ་ངེས་གྱིས་ཤིག་ཕེབས་པ་ལྟར་ཁྲིད་སོང་བས། དྲག་པོའི་སྲེག་བླུགས་སྐབས་སུ་འགུག་གཞུག་མཛད་པ་ན་ནད་པའི་ངག་ནས། ང་རང་འཁོར་དང་བཅས་པ་ཁྲིད་སོང་ངོ༌། །ངའི་ལུས་ལ་མེ་འབར་བྱུང་ངོ་ཟེར་ནས་འཇིགས་སྐྲག་ཆེན་པོས་འདུག་མི་བཟོད་པ་བྲོས་གྲབ་བྱེད་པར་མི་གཞོན་ལྔ་དྲུག་ཙམ་གྱིས་མནན་དཀའ་བར་གྱུར་ཚེ། རྗེ་མཐུ་སྟོབས་དབང་ཕྱུག་གི་ཞལ་ནས་ཕཊ་སྒྲ་དྲག་པོ་གཅིག་གནང་བའི་དེ་མ་ཐག་ཏུ་ས་ལ་འགྱེལ་ནས། དབུགས་ཀྱི་རྒྱུ་བ་ཆད་པ་ལྟ་བུའི་ངང་དུ་ཇ་སྦྱོར་གསུམ་བཞིའི་ཡུན་