R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༩༤
[A:༢༩༤]ལ་གནས་པར་གྱུར། དེ་ན་ཡོད་པ་རྣམས་ཀྱིས་ཤི་བའི་མྱ་ངན་བྱས་ཀྱང༌། རྗེ་བླ་མ་ནི་སྦྱིན་སྲེག་གི་རྗེས་ཆོག་བསྡུས་ནས་ནད་པའི་རྩར་ཕེབས་ཤིང་ཁྲུས་དང་ལྗགས་ཆབ་ཀྱིས་བྲན་པར་མཛད། ནད་པའི་མིང་ནས་སྨྲོས་ཏེ་ཁྱོད་རང་ཡར་ལ་ལངས་ཤིག་ཅེས་ལན་གཅིག་གསུང་མ་ཐག་ཏུ། གཉིད་ལོག་པ་ལས་སད་པ་བཞིན་ཏུ་ཡར་ལྡང་ནུས་པར་གྱུར་ཏོ། །དེ་ནས་བཟུང་སྟེ་གདོན་བགེགས་སྟོབས་ཆེན་གྱིས་བདག་ཏུ་བཟུང་བ་ཡང་རྗེས་མེད་དུ་ཞི་བར་གྱུར་པ་ཐམས་ཅད་ཀྱི་དབང་པོའི་མངོན་སུམ་མོ། །ཚུལ་འདི་ནི་བསད་པ་གསོ་ནུས་པ་དང༌། འཆི་བ་སློང་ནུས་པའི་བརྟུལ་ཞུགས་ཀྱི་རྩལ་ཆེན་རྫོགས་པ་ལས་ཆ་ཙམ་ཞིག་གདུལ་བྱའི་སྤྱོད་ཡུལ་དུ་སྟོན་པའི་དུས་སྐབས་ཤིག་ཏུ་ཁེལ་བ་མངོན་ནོ། །དེ་ལས་དུས་ཚོད་ཅུང་སྔ་བ་ཞིག་ལ་རྔད་ལྕགས་མཁར་མདོ་ཞེས་པའི་ས་ཕྱོགས་ཤིག་ཏུ་འབྱུང་པོ་སྟོབས་ཆེན་གྱི་གནས་གཞི་གསར་དུ་ཆགས་པ་རྗེ་འདི་ཉིད་ཀྱིས་གཟིགས་ཏེ། དྲག་པོའི་བསྲེགས་བླུགས་ཀྱི་ལས་སྦྱོར་ལ་བརྟེན་ནས་ཨར་ལ་གཏད། སླར་མི་ལྡོག་པའི་ཕྱིར་ས་གནད་ཀྱི་མེ་བཙའ་བཏབ། དེ་དག་གི་སྐབས་སུ་མི་མིན་མཐོང་བའི་མིག་ཅན་རྣམས་ཀྱིས་མཁའ་ཁང་རྨིང་ནས་འགྱེལ་བ་དང་གདུག་འདྲེ་རྣམས་མཐར་བསྐྲད་གཏོང་བ་མཐོང་ཞེས་གྲགས། སྔར་གདུག་འདྲེས་རློམ་པའི་མི་དེས་ཀྱང་ངེད་རྣམས་བླ་མ་རྡོ་རྗེ་བཟུང་བ་མི་མགོའི་དོ་ཤལ་བྱས་པ་ཞིག་གིས་ཡུལ་ནས་ལན་གྲངས་ཕུད་བྱུང་རབས་བཤད་པའང་དེ་སྐབས་ཡོད་པ་ཀུན་གྱིས་ཐོས་སོ། །འདི་ལྟ་བུའི་རྒྱལ་འགོང་མ་རུངས་པ་འདི་ནི། ཡུལ་གང་དུ་རྒྱུ་འགྲུལ་གནས་གསུམ་བྱས་ན།