[A:༢༩༢]སྨད། །བསྟན་པ་རིས་སུ་མི་བཅད་པ། །འཇམ་མགོན་བླ་མ་ཡབ་སྲས་ལགས། །རྒྱ་གར་མཁས་པའི་ལེགས་བཤད་དང༌། །དེ་ཡི་མན་ངག་ཟུང་འབྲེལ་གྱི། །བཤད་སྒྲུབ་བསྟན་པ་འཛིན་པ་ལ། །བརྒྱུད་པའི་བླ་མའི་རྗེས་སུ་ཞུགས། །རྒྱུད་སྡེ་བཞི་ཡི་གཞུང་ལམ་ཆེ། །ཤིང་རྟ་ཆེན་པཽས་ཕྱེས་པ་ལ། །བསྟན་པའི་སྲོག་ཤིང་ཉིད་དུ་བཟུང༌། །ཚད་མར་གྱུར་པའི་བཀའ་བབས་གཞན། །ཇི་ལྟར་གཞལ་མེད་ཁང་བཟང་ལ། །མུཀྟི་ཀཿཡི་ཕྲེང་མཛེས་བཞིན། །སྤུད་པའི་སྐལ་བཟང་སྲིད་ན་ངོམ། །ཨེ་མ་ངོ་མཚར་གཟི་བརྒྱ་པ། །ཕྱོགས་མེད་ཀློང་ན་རིས་མེད་ཀྱི། །པདྨའི་དཔལ་དུ་རྩེ་བའི་ཚེ། །ཕྱོགས་རེའི་མིག་ཅན་ཁ་ཅིག་ནི། །ཡལ་འདབ་ལྔ་པས་ཡོལ་བ་བཞིན། །ཅ་ཅོ་སྒྲོགས་པ་རང་བློའི་སྐྱོན། །འབྲེལ་ཚད་དོན་ལྡན་ཁྱེད་མཁྱེན་ནོ། །ཅེས་བརྗོད་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཡང་རྗེ་བླ་མ་མཁྱེན་བརྩེ་ནུས་པའི་མངའ་བདག་འདི་ཉིད། དབྱར་གྱི་དུས་ཤིག་ན། མེ་ལིང་རྡོ་རྗེ་རྫོང་དམར་ཅེས་པའི་ཡུལ་བདག་དྲག་རྩལ་ཅན་གྱི་མདུན་ཕྱོགས་བཞུགས་སྒར་བབས་པའི་ཚེ། ནམ་མཁའ་ལས་གློ་བུར་དུ་སྤྲིན་ནག་ཆུང་ངུ་ཞིག་བྱུང་ནས་དྲག་ཆར་བབས་ཏེ་འབྲུག་སྒྲ་ངར་སྐད་འབྱིན། སྒར་ལས་མདའ་རྒྱང་གང་ཙམ་གྱི་སར་གནམ་མདའ་མེ་སྟག་འཕྲོ་བ་ཞིག་ལྷུང་བས་རང་གཞན་གཉིས་ཀྱི་རྟ་དྲེལ་འདྲེས་འདུག་པའི་ནང་ནས་ལྔ་བསད་སོང་བ་ནི། དེ་དང་ཉེ་བའི་སར་རྡོ་རྗེ་བྲག་གི་དགོན་པ་ཞེས་མིང་དུ་བརྗོད་པ་ཞིག་ཡོད་པའི་བླ་བྲང་དེའི་ཡིན་པ་ལ་བརྟེན་ནས། དགོན་དེའི་བླ་གྲྭ་རྣམས་ཀྱིས་ཐོག་བརྡུག་བླ་མ་ཟེར་ནས་གུས་འདུད་ཆེན་