[A:༣༠༠]བླ་མ་དགོངས་པ་གཞན་དུ་གཏད་པ་ཐུགས་སུ་ཆུད་ནས། བགྲང་བྱ་དོན་གསུམ་བཞེས་པའི་ཆུ་འབྲུག་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་རྫོང་སར་བཀྲ་ཤིས་ལྷ་རྩེར་ཕེབས་ཏེ་ཞབས་བརྟན་འབུལ་བཞེད་དང༌། ཞལ་འཇལ་གསུང་ཐོས་ཀྱི་འདུན་པ་ཤིན་ཏུ་ཆེ་ཡང་དེ་ན་གནས་པའི་དབང་ཡོད་དག་གིས་བཀག་འགོག་བྱས་པས། རྟེན་འབྲེལ་ལེགས་པའི་ལམ་ལས་ལྡོག་སྟེ་ཉེས་པའི་ཕྱོགས་སུ་ལྷུང༌། ཀྱེ་མའོ་བསྟན་པའི་ཉི་མ་དེས། །ཀྱི་ཧུད་ཡུལ་འདིར་སྟོང་པར་འགྱུར། །ཚེ་མཐར་གཏུག་པའི་ནད་པ་དག །སྨན་པས་བོར་བ་ཇི་བཞིན་ནོ། །ཅེས་ཆེད་དུ་བརྗོད་ཅིང༌། ཉིན་གྲངས་རེ་ཟུང་ལ་གསོལ་བའང་འགག་པར་གྱུར། བདུན་ཕྲག་གཉིས་སོང་མཚམས་དམར་ཕྱོགས་ཀྱི་དགའ་བ་གཉིས་པར་སྤྲུལ་གཞི་བི་མ་ལ་མི་ཏྲའི་ཐུགས་ཀར་ཐིམ་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་བརྟུལ། གསང་བདག་བླ་མ་འདི་ཉིད་ནི་དེ་ནས་ཞག་གསུམ་སོང་བའི་ཉེར་ལྔ་ལ་སྟེན་མཆོག་རྡོ་རྗེ་འཆང་གི་གསང་མཛོད་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབུ་བརྩམས། དཀྱིལ་འཁོར་གྱི་གཙོ་བོ་རྗེ་འཇམ་དབྱངས་བླ་མའི་མཁའ་ཁྱབ་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་དུ་མའི་རྣམ་རོལ་ཏུ་ཤར་བ་ལ་ཐུགས་ངེས་གཏིང་ནས་འཁྲུངས་པའི་ངང་ནས་མཆོད་ཚོགས་རབ་འབྱམས་ཀྱི་མཆོད་པ་དང༌། དབང་དང་དངོས་གྲུབ་ལེན་པ་ལ་ནན་ཏན་སྙིང་པོར་མཛད་པའི་རྗེས་སུ་རྡོ་རྗེའི་སློབ་མ་རྣམས་ལ་གནང་བ་ཡིན་པས་རྗེ་རྫོགས་པའི་སངས་རྒྱས་དེ་ཉིད་ལས་དབང་ནོས་པ་དང་ཁྱད་མེད་ཅེས་ཡང་ཡང་གསུང་ཚུལ་འདི་ནི་བླ་མའི་དགོངས་པ་རྫོགས་པའི་ཐབས་ཚུལ་ཞིག་ལ་ངོ་མཚར་