R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༩༩
[A:༢༩༩]ནག་དྲིལ་གསུམ་གྱི་སྒྲུབ་ཚུལ་སོ་སོར་རིམ་བཞི་རིམ་ལྔ་དང་བཅས་པ། ཡང་སྙིང་ནཱ་རོ་ཏ་པའི་ལུགས་ཀྱི་རྣལ་འབྱོར་བཅུ་གཅིག་རྫོགས་རིམ་དང་བཅས་པ། གཉིས་མེད་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་སྦྱོར་དྲུག་གི་ཉམས་ལེན་དང་བཅས་པ། སྔ་འགྱུར་བའི་རྒྱུད་སྡེ་མ་ཧཱ་ཡོ་གའི་ཕྱོགས་རྡོ་རྗེ་ཕུར་པ། ཨ་ནུ་ཡོ་གའི་ཕྱོགས་ཡང་དག་ཧེ་རུ་ཀ །ཤང་ལུགས་རྒྱུད་སྡེ་ལྔ་ཆིག་དྲིལ་དང༌། སྒྲུབ་ཐབས་རིན་པོ་ཆེན་ཀུན་ལས་བཏུས་པའི་ཆོས་སྡེ་ལས། ཚེ་དང་ཤེས་རབ་དང༌། དཔལ་བསྐྱེད་པ་དང༌། ནད་གདོན་སྡིག་སྒྲིབ་ཞི་བ་དང༌། གདུལ་བྱ་དབང་དུ་འདུ་བའི་སྐོར་གྱི་ལྷག་པའི་ལྷ་མཆོག་དུ་མའི་བསྙེན་སྒྲུབ་ལ་རྩེ་གཅིག་ཏུ་བརྩོན་པར་མཛད། དེ་དག་ཐམས་ཅད་ཀྱང་བསྟན་པ་རིན་པོ་ཆེ་ཁོ་ནར་དགོངས་པའི་དབང་གི་འབད་རྩོལ་ཆེན་པོ་གནང་བ་མ་གཏོགས་རང་དོན་རང་གཅེས་ཙམ་ལས་གཞན་མེད་པ་དག་གིས་དེ་འདྲའི་དཀའ་ཚེགས་ཅི་ཞིག་དགོས། ཟབ་དགུ་ཉོན་ལ་ཉམས་ལེན་གཅིག་ཏུ་དྲལ། །ཞེས་པ་ལྟ་བུ་མ་མཁྱེན་པ་དང་མ་ཐོན་པའང་མ་ལགས་ཤིང༌། གནད་གཅིག་མ་ཟིན་ཅ་ཅོ་མང་པོས་བསླུས། །ཞེས་པ་ལྟ་བུའི་རིགས་ཅན་ཡང་མ་ལགས་མོད། ཀུན་ཀྱང་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོས། །ཞེས་པ་ལྟར། ཕྲིན་ལས་རྩལ་སྤྲུགས་ཀྱིས་རྒྱལ་བསྟན་དབང་གི་རྒྱལ་པོ་གདུལ་བྱའི་རྒྱལ་མཚན་གྱི་རྩེ་མོར་བསྐལ་པ་ནས་བསྐལ་པའི་བར་དུ་བརླིང་བའི་ཐབས་ཀྱི་ཁྱད་པར་གང་དང་གང་མཆིས་པ་དེ་དག་ལ་རྣམ་པ་གཅིག་ཏུ་གཞོལ་ཅིང་མཐའ་གཅིག་ཏུ་འདྲིལ་བར་མཛད་དོ། །རྗེ་ཉིད་ཀྱི་བགྲང་གཞི་ཞེ་དྲུག་པར། ཀུན་མཁྱེན་འཇམ་དབྱངས་