[A:༣༠༡]རྨད་དུ་བྱུང་བ་སྔོན་ཆད་གྲགས་ལྡན་སུས་ཀྱང་སྤྱོད་ཡུལ་དུ་མ་གྱུར་བ་རྗེ་འདི་ཉིད་ཀྱི་ཁྱད་ཆོས་བླ་ན་མེད་པ་ལགས་སོ། །བླ་མའི་གདུང་ལ་མེ་མཆོད་ཕུལ་བའི་རྡོ་རྗེ་སློབ་དཔོན་མཛད་སྐབས་མ་གཏོགས་རྒྱུན་ཆགས་སུ་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་སྒྲུབ་མཆོད་ཟབ་རྒྱས་དང་དབང་བསྐུར་བརྒྱ་ཕྲག་གསུམ་ལས་གསུམ་ཚན་གཅིག་གིས་ལྷག་ཙམ་དང༌། ཟབ་ཁྲིད་ཉེར་ལྔ། རྒྱུད་ཀྱི་བཤད་བཀའ། རྒྱབ་རྟེན་ལུང་དང་བཅས་པ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་སྐལ་ལྡན་རིག་འཛིན་བསྟན་རྒྱུད་སྨན་ངེས་ཀྱི་བླ་སྦྲུལ་རྣམས་ལ་ལེགས་པར་སྤེལ་ཞིང་ལེགས་པར་གནང་བར་མཛད་དོ། །དེ་ཡང་ཞག་གི་ཕུང་པོ་བདུན་ལ་ཉག་མ་བཅོ་ལྔས་ལྷག་པའི་ཁོངས་སུ་གྲུབ་ནས་སྨིན་དྲུག་ཟླ་བའི་རྫོགས་པ་གཉིས་པའི་ཚེས་ལ་ག་ཎ་ཙཀྲའི་མཆོད་པ་དང་བཅས་ཏེ་དྲིན་ཆེན་བླ་མ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་ཀུན་མཁྱེན་འཇམ་དབྱངས་བླ་མ་རྣམ་པ་གཉིས་ཀྱི་ཟག་མེད་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཐུགས་སྨོན་ཀུན་ཏུ་བཟང་པོའི་སྤྲིན་ཕུང་རབ་འབྱམས་ཆོས་དབྱིངས་མུ་མཐའ་མེད་པའི་ཞིང་ཁམས་ཐམས་ཅད་དུ་རྒྱས་ཤིང་ཁྱབ་པར་བརྡལ་བའི་སྤྱོད་ཡུལ་ཟབ་མོ་སྒྱུ་མ་ལྟ་བུའི་རྣམ་ཐར་ལ་གཅིག་ཏུ་གཞོལ་བར་མཛད་དོ། །རྣལ་འབྱོར་གྱི་རྒྱུད་སྡེ་ལས་དཔལ་མཆོག་དང་པོ་དང༌། རྡོ་རྗེ་རྩེ་མོ་རྣམས་འཇམ་མགོན་རྡོ་རྗེ་འཆང་གིས་གནང་བའི་ཞལ་བཞེས་ཐོབ་མོད་ཀྱང༌། རང་གི་བགོ་སྐལ་དུ་མ་རྙེད་པ་རང་གི་བསོད་ནམས་ཀྱིས་མ་ཆུན་པ་ཡིན་ནམ་གསུངས་སྐབས་ཤིག་ལ་ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཕྱོགས་