R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༤༢
[A:༢༤༢]རྫིང་བུ་རྣམས་སུ་གྲངས་མེད་པ་འཆར་མོད། མཆོག་གཟིགས་གྲུབ་བརྙེས་འགའ་ཞིག་གིས་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་ཕྲིན་ལས་ཀྱི་སྤྲུལ་པའོ་གསུངས་ཤིང༌། རྗེ་ཉིད་ཀྱི་ཞལ་ནས་རྒྱུན་པར་ང་ནི་སོ་སྐྱེ་ཐ་མལ་པའོ་གསུངས་ཀྱང་ཉེ་བར་གནས་པ་ཐུགས་གཏད་ཅན་འགའ་ཞིག་ལ། དཔལ་ཧེ་རུ་ཀ་གུར་གྱི་མགོན་པོའི་སྐུ་བརྙན་བྲིས་འབུར་གང་དང་གང་ནས་གཟིགས་ན། འདི་ང་དང་ཨེ་འདྲ་ལྟོས་དང༌། ང་དང་འདྲ་ན་མགོན་པོའི་སྐུ་དངོས་ཡིན་ནོ་ཞེས་གསུངས་པ་བསླུ་མེད་དེ་ལྟ་བུ་ནི། དཔང་དུ་གྱུར་པ་དང༌། ཚད་མར་གྱུར་པ་ལགས་སོ། །དེ་ལྟར་ན་དཔལ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ལས་དཔལ་རྡོ་རྗེ་ནག་པོ་འདི་བྱུང་ངོ༌། །ཧཱུྃ་གི་ཡེ་ཤེས་ལས་སྐྱེས་པ། །ཞེས་གསུངས་པ་ལྟར། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བཞི་རོ་མཉམ་པ་ལས་སྐྱེས་པའི་ཐུགས་རྗེའི་སྤྱོད་པ་ཁམས་གསུམ་ཀུན་ཏུ་ཁྱབ་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྤྲིན་ཕུང་དངོས་གྲུབ་མཆོག་གི་ཆར་རྒྱུན་འཛད་མེད་དུ་འཇོ་བའི་དཔལ་ལས། སྙིགས་མའི་རྒུད་ཚོགས་སྟུག་པོས་སྐྱེ་རྒུ་རྣམས་ཤིན་ཏུ་མ་རུངས་པར་བྱས་པ་སྐྱོབ་པའི་སླད་དུ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་མཚན་དཔེའི་མེ་ཏོག་རྣམ་པར་བཞད་པ་མངོན་ནོ། །དང་པོ་སྐྱེ་བ་མེད་པའི་རྒྱ་མཚོ་ལས། སྐྱེ་བའི་རྦ་རླབས་ཇི་ལྟར་གཡོ་བའི་ཚུལ། །བར་དུ་མཚན་མ་མེད་པའི་ནམ་མཁའ་ལ། །མཚན་བཅས་ཆུ་འཛིན་ཇི་ལྟར་གནས་པའི་ཚུལ། །ཐ་མར་སྨོན་པ་མེད་པའི་ཉི་ཟླའི་ཁམས། །སྨོན་བཅས་ནུབ་རིའི་ཕག་ཏུ་འགག་པའི་ཚུལ། །རྣམ་ཐར་