R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༤༡
[A:༢༤༡]གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་དང༌། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཤེས་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་འཕགས་བོད་ཀྱི་ལྗོངས་སུ་ཇི་སྙེད་ཅིག་བྱོན་པ་དེ་ཐམས་ཅད་ངོ་མཚར་གཅིག་ལས་གཅིག་ཆེ་མོད། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་རྒྱུད་མན་ངག་གི་བཀའ་མི་ཉམས་པ་ཡུན་རིང་དུ་གནས་པ་དང༌། གནས་པ་གོང་ནས་གོང་དུ་སྤེལ་བའི་ཆེད་དུ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས། བཀའ་གསང་རྨད་དུ་བྱུང་བའི་འཁོར་ལོ། སྔོན་ཆད་ལྗོངས་འདིར་ཆེན་པོ་གྲགས་པ་སུས་ཀྱང་བསྐོར་བར་མ་བཟོད་པ་ཡོངས་སུ་བསྐོར་བ་འདི་ནི། སྙིགས་མའི་མགོན་པོ་བསྟན་འགྲོའི་མིག་གཅིག་དཔལ་གསང་བའི་བདག་པོ་མི་གཟུགས་སུ་བྱོན་པ་འཇམ་དབྱངས་བློ་གཏེར་དབང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཁོ་ནའི་ཐུགས་སྟོབས་བླ་ན་མེད་པའི་རྩལ་ཆེན་སྙིགས་དུས་སུ་ངོམ་པ་ལགས་ཤིང༌། སྟུག་པོ་བཀོད་པ་དང༌། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་པ་དང༌། ནུབ་དྷརྨ་གནྫ་སོགས་སུ་ངོ་མཚར་རྡོ་རྗེའི་བཀོད་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཡོད་ཚུལ་གསུངས་པ་དེ་དག་རྣམས་དང་རྣམ་དབྱེར་མེད་པ་གྲུབ་བོ། །ཐུན་མོང་གདུལ་བྱའི་སྣང་ངོར་ཙམ་དུའང༌། བསྟན་པ་རིས་མེད་ཀྱི་བསྟན་འཛིན་དམ་པ་མང་པོའི་སྐུ་ཕྲེང་ཆུ་ཤེལ་དབང་པོ། འགྲོ་བློའི་མོས་པའི་