[A:༢༤༣]སྒོ་གསུམ་རྣམ་པར་འབྱེད་པ་ལས། །རྣམ་པར་གྲོལ་བའི་རོལ་གར་རྣམ་པར་རྩེ། །དང་པོ་སྐྱེ་བའི་ཆོ་འཕྲུལ་བསྟན་པའི་ཡུལ་ནི། གླིང་གི་མཆོག་ལྷོ་གླིང་ལས་ཀྱི་ས་པ། དེ་ལས་གདུལ་བྱ་དང་འདུལ་བྱེད་ཁྱད་པར་ཅན་གྱི་ཞིང་ས་བསིལ་ལྡན་ལྗོངས་ཀྱི་བྱེ་བྲག་གཙང་ཕྱོགས་ཉང་སྨད་སའི་ཐིག་ལེ་བསམ་འགྲུབ་རྩེའི་ཉེ་འདབས་དགེ་མཚན་དུ་མས་བརྒྱན་པའི་གནས་སུ། རིགས་ཀྱི་མཆོག་རྒྱལ་རིགས་ཏེ་མི་ཉག་སིའུ་རྒྱལ་པོའི་གདུང་རིགས། རུས་མ་བསླད་པར་འགའ་ཐར་ཕྱོགས་སུ་སྨན་གྱི་ལྗོན་པ་ལྟ་བུའི་དམ་པ་མང་པོ་དང༌། དེ་ནས་རི་བོ་དགེ་ལྡན་པའི་བསྟན་པའི་རྒྱན་དུ་གྱུར་པ་འགའ་ཞིག་དབུས་སུ་བྱོན་པ་དང༌། གཙང་ཕྱོགས་སུ་ངོར་ཨེ་ཝཾ་པའི་མཁན་ཆེན་ཡོངས་འཛིན་པཎྜི་ཏ་ཞེས་པ་ཡི་དམ་ལྷའི་ཞལ་ལུང་ཐོབ། ཡུམ་སྟོང་ཕྲག་བརྒྱ་པའི་ཚིག་དོན་མཐའ་དག་ཐུགས་ལ་མངའ་བ་དེ་དང༌། དཔོན་སློབ་ནམ་མཁའ་རྒྱལ་མཚན་ཅེས་པ་བྱང་ཆུབ་ཀྱི་སེམས་འབྱོངས་པའི་དགེ་བའི་བཤེས་གཉེན་དེ་དག་གི་སྐུ་དབོན་ནོ། །ཡབ་ནི་མཁན་ཆེན་དམ་པའི་སྐུ་མཆེད་རབ་དཀར་སྐར་མ་པ་སངས་ལྟ་བུ་ལ་འདོད་འབྱུང་ནོར་བུ་ལྟ་བུའི་ལྷག་བསམ་དང་ལྡན་པས་མིང་དོན་མཐུན་པ། ཡུམ་ནི་མཐོ་རིས་ཀྱི་ཡོན་ཏན་དང་འདི་ཕྱི་སྐྱིད་པའི་ཆོས་ལྡན་གྱི་དོན་དང་མཚུངས་པའི་མིང་ཅན་གཉིས་ཀྱི་སྲས་སུ་བཙས་སོ། །དུས་ནི་དབང་ཐང་དང་བསྟུན་པའི་བརྡ་མེ་མོ་ལུག་གི་ལོར་སྨལ་པོ་ཟླ་བའི་དུས་ཚེས་དགེ་བར། ནམ་མཁའི་ནོར་བུ་གཤིན་རྗེའི་ཕྱོགས་ནས་ལྡོག་པའི་དུས་གྱི་ཐོག་མར། ཤར་རིའི་ཕྲག་པ་ནས་འཛིན་མའི་ཁྱོན་ལ་དང་པོ་གཟིགས་པའི་ཚེ་འཇིག་རྟེན་གྱི་མིག་ཏུ་འཁྲུངས་སོ། །དེའི་ཚེ་ལེགས་བྲིས་དབང་པོ་དང་གདེང་ཅན་བདག་པོ་