R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༠༦
[A:༣༠༦]སྟག་ཚང་བཞུགས་ཤིང༌། དེ་དག་གི་གནས་སྐབས་སུ། སྡེ་དགེ་རྒྱལ་བློན་ནང་འཁྲུགས་དང༌། མཆོད་ཡོན་ནང་འཁོན་གྱི་བཅད་མཚམས་དཔོན་ཆེན་དྲག་རྩལ་ཅན་གྱིས་བཏང་སྐབས་ཉེས་ཆེན་སྲོག་སྐྱོབ་གནང་ཞིང༌། རིང་མིན་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་ཕེབས་ཏེ། ལྷ་ཁང་མགོན་ཁང་ཐམས་ཅད་དུ་ཆེད་དམིགས་ཀྱིས་གྲིབ་སེལ་སྨེ་བརྩེགས་ཀྱི་སྦྱིན་སྲེག་འབུམ་ཕྲག་མང་པོ་གནང་བ་དང༌། བླ་གྲྭ་ཡོད་རིགས་ཕྱོགས་གཅིག་ཏུ་བསགས་ཏེ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བྱེ་བ་མང་པོ་ཞིག་རྗེ་ཉིད་དབུར་བཞུགས་ཤིང་བཟླ་བར་མཛད་པ་ལ་བརྟེན་ནས། ཉམས་ཆག་གང་ཆེ་བྱུང་བའི་རྒྱུས་འདི་ཕྱི་གཉིས་ཀའི་བདེ་ལེགས་ཐམས་ཅད་འགྲིབ་པར་འགྱུར་བའི་གསོས་སྨན་བླ་ན་མེད་པ་དུས་ལས་མི་ཡོལ་བར་གནད་ཐོག་ཏུ་སྨིན་པར་མཛད་པ་འདི་ལྟ་བུའི་གཞན་ཕན་རླབས་ཆེན་གྱི་སྤྱོད་པ་ཡང་ཆེར་རློམ་གཞན་ལ་མངོན་མཐོང་མ་བྱུང་ངོ༌། །རེ་ཞིག་ལྷུན་གྲུབ་ཡང་རྩེའི་རི་ཁྲོད་དུ་སྒྲུབ་གནས་མཛད་ཅིང་བཞུགས། བགྲང་བྱ་ང་གཅིག་སྟེང་མེ་བྱ་ལོར་སྒ་སྟོད་སྐྱེ་དགུ་དོན་གྲུབ་གླིང་དུ་ཕེབས་ཤིང་ཧོར་ཟླ་བདུན་པའི་ནང་ནས་བརྩམས་ཏེ་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་འཁོར་གྱི་གཙོ་བོ་ལྷ་རིགས་འཁོན་གདུང་རྗེ་བཙུན་མ་པདྨ་ཕྲིན་ལས་དབང་མོ་དང༌། གཞན་ཡང་དབུས་གཙང་ནས་བྱོན་པ་དང༌། མདོ་སྟོད་ཡུལ་གྲུ་ཕལ་ཆེ་ནས་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་མང་ཞིག་འདུས། དེ་དག་ལའང་རྒྱུད་ཀྱི་དགོངས་པ། བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཏུ་སྨིན་གྲོལ་གྱི་བཀའ་སྲོལ་སོ་སོར་ལེགས་པར་འདོམས་པར་