R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༠༥
[A:༣༠༥]པར་རྟོགས་པ་རྣམས་ཀྱི་བསམ་སྤྱོད་སུན་ཕྱུངས་ཤིང་རྩོད་པ་དང༌། བཀའ་སྲོལ་རྣམ་པར་དག་པ་བསྟན་པའི་སྲིད་དུ་གནས་པའི་རྩོམ་པ་ལ་ཐབས་ཀྱི་སྤྱོད་པས་མཆོག་ཏུ་མཛེས་པ་དང་བཅས་པའི་རླབས་ཆེན་ཕྲིན་ལས་ཀྱི་འཁོར་ལོ་འགོག་པ་མེད་པས་བསྐོར་བ་འདི་ནི་རྩོད་པའི་དུས་མཐར་འཛིན་མའི་གཞི་ལ་རྡོ་རྗེ་འཛིན་རྒྱལ་རང་ཉིད་ཕལ་པའི་ཟོལ་གྱིས་རྣམ་པར་རྒྱུ་ཞིང་སྤྱོད་པ་གདོན་མི་ཟ་པའོ་ཞེས་ཤེས་ལྡན་གཟུ་བོར་གནས་པ་དག་གིས་བསྔགས་བརྗོད་ལེགས་བྲིས་རྒྱུད་མང་ཡང་ཡང་བསྒྲགས་པར་མཛད་པ་ན་སྐལ་བཟང་རྣམས་ཀྱི་སྙིང་ལ་བདུད་རྩིའི་བཅུད་དུ་སྨིན་ཅིང༌། ཡུལ་ལུང་གཅིག་གི་ང་ཆེ་ཁོང་བཙན་གྱི་ཆགས་སྡང་དུག་ཆུས་མྱོས་པ་དག་གི་རྣ་བའི་ཚེར་མར་གྱུར་པ་འདིའང༌། ཇི་སྐད་དུ། དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །མུ་སྟེགས་ཅན་རྣམས་སྐྲགས་མཛད་ཅིང༌། །བདུད་ནི་སེམས་ཁོང་ཆུད་པར་མཛད། །ལྷ་དང་མི་རྣམས་དབུགས་ཀྱང་འབྱིན། །ཞེས་གསུངས་པ་དང་ཚུལ་མཚུངས་པ་ཉིད་དོ། །ཨ་ཧོ་སྔོན་སྨོན་བསིལ་བཅུད་རྐང་པས་འཐུང༌། །བླ་མའི་བྱིན་རླབས་དྲོད་བཅུད་གཙུག་གིས་ལེན། །ཐོས་བསམ་སྒོམ་པའི་རྩ་བ་རབ་ཏུ་བརླིང༌། །མཁྱེན་བརྩེ་ནུས་པའི་སྡོང་བུ་མངོན་པར་མཐོ། །འཆད་རྩོད་རྩོམ་པའི་ཡལ་འདབ་ཕྱོགས་མེད་རྒྱས། །དམ་པའི་ཚུལ་རྫོགས་དཔག་བསམ་དབང་པོ་འདི། །སྐལ་བཟང་བཞི་པའི་སྨན་ལྗོངས་ཉམས་དགའ་བར། །རྒུད་མེད་ལང་ཚོ་བདོ་བའི་དཔྱིད་དུ་མཛེས། །ཞེས་བྱ་བ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བགྲང་གཞི་ཞེ་བདུན་པ་ནས་ལོ་ཤས་དཀར་མོ་