R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༠༧
[A:༣༠༧]མཛད། དབུ་མ་ལ་འཇུག་པ་དང༌། ཕར་ཕྱིན་མངོན་རྟོགས་རྒྱན་དང་མངོན་པ་མཛོད་དང༌། ཚད་མ་རིགས་གཏེར་རྣམས་རྗེ་ཉིད་ཀྱི་མཆན་འགྲེལ་སྟེང་ནས་ལྗགས་བཤད་དང༌། སྐྱེས་རབས་བརྒྱ་ལྔ་བཅུ་པ་དང༌། བཀའ་གདམས་གཅེས་བཏུས་ལ་སོགས་པ་ལྗགས་ལུང་མང་དུ་གནང༌། ས་ཁྱི་ལོར་སྡེ་དགེའི་ཡུལ་དུ་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་བཀའ་ཡིས་བསྐུལ་ནས་ཕྱིར་ཕེབས་ཤིང༌། ས་ཕག་ལོར་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་ཁང་དུ་བཞུགས་རྗེ་འཇམ་མགོན་བླ་མ་གཙོ་བོར་བཞུགས་པའི་སྐལ་ལྡན་རིག་པ་འཛིན་པ་ཉུང་ཤས་ཞིག་ལ། རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་རྗེ་རྩེ་མོ་དང༌། ཡན་ལག་གི་རྒྱུད་ཁམས་གསུམ་རྣམ་རྒྱལ་དང༌། ཆ་མཐུན་རྒྱུད་དཔལ་མཆོག་དང་པོ་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་ཞལ་སྔ་ནས་བཀྲལ་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་དང་བྱ་བ་ཀུན་ལས་བཏུས་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པའི་དབང་བསྐུར་བ་དང༌། བདེ་མཆོག་འཁོར་ལོས་སྒྱུར་དྲུག་དང༌། ངམ་རྫོང་སྙན་བརྒྱུད་ཀྱི་བདེ་མཆོག་དང༌། ཐང་རྒྱལ་ནས་བརྒྱུད་པའི་མ་གཅིག་མཁའ་འགྲོ་སྙན་བརྒྱུད་ལ་སོགས་པའི་དབང་ལུང་ཤིན་ཏུ་མང་པོ་ཕུལ་བར་མཛད། ཟླ་བ་བཞི་པ་ནས་བརྒྱད་པའི་བར་དུ་འགོར། རྗེ་འཇམ་མགོན་བླ་མའི་ཞལ་ནས། ད་རེས་དབང་འདིས་བདག་ལ་གོ་ཆོད་སོང་བྱིན་རླབས་ཀྱི་བབས་ཤིན་ཏུ་ཆེན་པོར་འདུག་སོགས་ཐུགས་དགྱེས་པ་ཆེན་པོས་ཡང་ཡང་གསུངས། ཡེ་ཤེས་དབབ་པའི་