[A:༣༠༨]སྐབས་སུ་དབང་གྲལ་དུ་ཡོད་པ་ཐམས་ཅད་ལ་ཡེ་ཤེས་བབས་པའི་རྟགས་མངོན་སུམ་ལན་གྲངས་བྱུང་བ་དབང་གྲལ་དུ་ཡོད་པ་དག་གིས་ཕྱིས་སུ་གླེང་བར་མཛད། དངོས་འབུལ་རྒྱ་ཆེར་མཛད་པའི་འབུལ་ཡིག་ཏུའང་རྒན་པོའི་འཆི་ཆོས་ཅིས་ཀྱང་བཀའ་དྲིན་ཆེ་ཚུལ་བྲིས་ཤིག་གསུངས་ཤིང་མཉེས་མཉེས་མཛད། གསང་བདག་བླ་མ་མཆོག་གིས་ཀྱང་རྡོ་རྗེ་ཕུར་པ་རྩ་རྒྱུད་ཀྱི་དུམ་བུའི་འགྲེལ་བཤད་ལྗགས་ཁྲིད་གསན། རྗེ་བླ་མ་རྣམ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་བླ་སློབ་རེས་མོས་སུ་གནང་མུ་འབྲལ་མི་ཕོད་པའི་ཚུལ་དུ་བཞུགས་པས་ས་ཕག་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ལ་འཇམ་མགོན་བླ་མ་ཟག་མེད་སྤྲོས་བྲལ་དབྱིངས་སུ་སྙོམས་པར་ཞུགས་ཏེ་གཟུགས་སྐུའི་བཀོད་པ་བརྟུལ། དེའི་ཚེ་ཐུགས་དགོངས་གཅིག་ཏུ་བསྲེ་བའི་ངང་ཡུན་རིང་མཉམ་པར་བཞག་བཞིན་སྐུ་དྲུང་དུ་བཞུགས། ཞག་བདུན་ཕྲག་གི་རིང་བླ་མ་མཆོད་པ་དབང་བཞི་ལེན་པ་བཅས་ཤིན་ཏུ་ཟབ་རྒྱས་མཛད། དགྱེས་རྡོར་གྱི་སྦྱིན་སྲེག་ལ་བརྟེན་ནས་གདུང་རིན་པོ་ཆེ་ཞུགས་འབུལ་དང༌། སྒྲུབ་མཆོད་བདུན་ཚིགས་རེ་རེ་བཞིན་གནང་སྟེ་དགོངས་ཟབ་ཡོངས་སུ་རྫོགས་པའི་ཐབས་ལ་ནན་ཏན་སྙིང་པོ་འབའ་ཞིག་མཛད། ལྕགས་བྱི་ལོར་ལ་སེ་ལྟེམ་ལྷུན་གྲུབ་ཡང་རྩེའི་རི་ཁྲོད་དུ་ཕེབས་ཏེ་སྒྲུབ་གནས་མཛད། འདི་ནས་བཟུང་སྟེ་ལོ་ངོ་བཅུ་གཅིག་གི་བར་དུ་གནས་འདིར་བརྟན་པར་བཞུགས་ཤིང་རྒྱལ་བསྟན་ཡོངས་རྫོགས་ལ་རི་མོར་མཛད་པས་སྙིག་མའི་མུན་སྨག་སྟུག་པོའི་ཀློང་ན་འོད་གསལ་སྒྲོན་མེ་གཅིག་པུ་ཀུན་ཁྱབ་སྣང་བའི་སྒོ་འབྱེད་དུ་གྱུར། རྗེ་མཁྱེན་བརྩེའི་ཞབས་ཀྱི་དབུས་