[A:༣༠༩]གཙང་ཁམས་གསུམ་ནས་རྒྱལ་སྲས་ནོར་བཟང་གི་བརྟུལ་ཞུགས་བཟུང་སྟེ་བཙལ་བའི་དམ་པའི་ཆོས་ཀྱི་སྙིང་པོ་སྒྲུབ་ཐབས་རིན་པོ་ཆེ་ཀུན་ནས་བཏུས་པའི་འཕྲོས་ལུས་གང་ཡོད་པ་ཐམས་ཅད་རྗེ་དེ་ཉིད་ཀྱི་དགོངས་བཞེད་ལྟར་ཆོག་སྒྲིག་མཛད་དེ་ཞལ་སྐོང་གནང༌། ལྕགས་བྱི་ལོ་འདི་ནས་བཟུང་སྟེ་རྒྱལ་བཀའ་རིན་པོ་ཆེ་གངས་ཅན་སྐད་དུ་འགྱུར་རོ་ཅོག་གི་བཀླག་ལུང་ཚར་བདུན་ཙམ་གྱིས་མཐུན་རྐྱེན་ཕུན་སུམ་ཚོགས་པར་བསྒྲུབས། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ལས་གསུངས་པ་ལྟར་གྱི་མཆོད་རྟེན་གྲངས་མང་གསར་དུ་བསྐྲུན། རྙིང་པ་གྲངས་མང་ཞིག་གསོས་མཛད་དེ་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་གྱི་བདེ་སྐྱིད་འཕེལ་བ་དང༌། ནག་ཕྱོགས་ཀླ་ཀློའི་སྣ་འདྲེན་བསྡོང་ཟླ་དང་བཅས་པའི་འཚུབས་འགྱུར་ཞི་བའི་ཐུགས་སྨོན་ཡང་ནས་ཡང་དུ་མཛད། གཞན་དག་ལའང་དེ་ལྟར་བགྱིད་དགོས་པའི་བཀའ་བཀོད་གནང༌། བགྲང་བྱ་ང་ལྔ་པ་ལྕགས་གླང་ལོར། རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར། རྗེ་ཉིད་ཀྱི་སློབ་མའི་ཐུ་བོ་ལི་ཐང་བེ་ཚོང་ཆོས་རྗེ་མཁྱེན་རབ་རྒྱ་མཚོ་ཞེས། རྒྱུད་སྡེ་བཞིའི་བསྙེན་སྒྲུབ་མཐར་ཕྱིན། ལྷག་པའི་ལྷ་འཇམ་པའི་དབྱངས་ཀྱི་བྱིན་རླབས་མཚན་མ་བརྙེས་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་གྲོགས་སུ་བཅོལ། དེས་ཀྱང་དབང་བཀའ་མང་ཞིག་གིས་ཞབས་འདེགས་ཞུས་པའི་སྐབས་ཀྱི་འཁོར་གྱི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྨྲ་བ་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། ཟབ་རྒྱས་ཆོས་ཀྱི་སྤྱན་ཡངས་རིག་པ་སྨྲ་བ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་དང་བདག་ཅག་འདུས་པ་བཅུ་ཕྲག་